སྐྱབས་རྗེ་བོན་བརྒྱ་རིན་པོ་ཆེ་མཆོག་ལ་ཕུལ་བའི་ཤོ་ལོ་ཀ་གཉིས་ཅན་གྱི་རྗེས་དྲན་ཆེད་སྒྲིག་《དྲན་པའི་གདུང་དབྱངས། །》

དྲན་པའི་གདུང་དབྱངས། །

རྩོམ་ཁུངས། རེབ་གོང་བོན་མང་དྲ་བ།  རྩོམ་སྒྲིག་པ། རེབ་གོང་བོན་མང་དྲ་བ།

 

དགེ༵་བའི་ལེག༵ས་ཚོགས་གཅིག་བསྡུས་རང་གཟུགས་སྐུ། །

ལྷུ༵ན་གྲུ༵བ་མ་འགག་ངག་རིག་བརྡོལ་བའི་གསུང་། །

རྒྱ༵་ཆེན་མཚོ༵་མོའི་འཇིངས་ལྟར་ཟབ་པའི་ཐུགས། །

སྐུ་གསུམ་ཀུན་འདུས་བླ་མར་གསོལ་བ་འདེབས། །

 

ཉི་མ་བཞུད་ཐེངས་ཤིག་གི་ཤུལ་རྗེས་སུ། །

ཉི་མའི་བུ་རྒྱུད་སེམས་པ་སྐྱོ་ལྷང་ལྷང་། །

ཉི་འོད་དྲོན་པོའི་བཀའ་དྲིན་དེ་བསམ་གྱིན། །

ཉི་ནུབ་མཚམས་སྤྲིན་སེར་པོའི་བླ་མ་དྲན། །

ཁྲི་བསོད་བསྟན་གྱིས།

 

ཕ་དང་དབྱེར་མེད་འགྲོ་བའི་མགོན་པོ་ལགས། །

མ་དང་ཁྱད་མེད་འགྲོ་ལ་བུ་ལྟར་བྱམས། །

ཀུན་གྱི་གཙུག་རྒྱན་གྱུར་བའི་ལྷ་ཆེན་ལགས། །

གནམ་སའི་ཀ་རིང་འདེགས་པའི་སེམས་དཔའ་ལགས། །

 

སྙིང་གི་རི་བོ་འགྱེལ་བའི་གནས་འཛིན་ལ། །

མིག་ཆུའི་ཕྲེང་ཐག་ཡང་ཡང་ཆད་ནའང་། །

བསྟན་དོན་འགྲོ་ལ་བརྩེ་བའི་དགོངས་རྟོགས་སུ། །

ཡང་སྤྲུལ་མྱུར་དུ་བྱོན་པའི་སྨོན་ལམ་འདེབས། །

དར་སྟག་ལྷ།

 

ཡབ་རྗེ་བླ་མ་བོན་དབྱིངས་དབུས་སུ་བཞུགས། །

འོན་ཀྱང་དྲན་པའི་མེ་ལྕེས་ཁོག་སྙིང་བསྲེགས། །

རང་སེམས་ཨ་ཡིག་རྣམ་ཅན་སྤར་ནུས་ན། །

ཕ་གཅིག་ཐུགས་ཡིད་བསྲེས་སྙམ་སྙིང་ནས་འདོད། །

 

ཡབ་ཀྱིས་དགོངས་སམ་མགོན་མེད་དྭ་བུ་དག །

ད་དུང་དུག་གསུམ་ཀློང་ན་གནས་འཆའ་ཞིང་། །

སྡུག་བསྔལ་གསུམ་གྱིས་མནར་བའི་ཟོལ་འདི་ལ། །

གཟིགས་ཏེ་ཡང་སྤྲུལ་ཉི་གཞོན་མྱུར་འབྱོན་ཤོག །

                  ཅེས་པ་འདི་ཡང་ཡབ་རྗེ་བླ་མའི་སློབ་འབངས་ཀྱི་གྲལ་ཐ་བ་ཧོར་སྨད་དཔལ་གྲུབ་ཀྱིས་གདུང་བའི་སྙིང་ནས་ཕུལད།

 

སྨོན་འདུན་གཙང་དག་ཅིག་ཁྱེད་ལ་ཕུལ་འདོད། །

ཕུགས་བསམ་ཡང་དག་གི་ལམ་ལ་བསྙེགས་ནས། །

སྐྱེས་ཆེན་གྲངས་མེད་ཀྱི་དབུས་ནས་འབར་ཡོད། །

ཁྱེད་ཀྱི་གཟི་བརྗིད་ནམ་རྒྱུན་འོད་ལམ་འཚེར། །

 

ལོ་རྒྱུས་ཀྱི་སྐར་ཆེན་རིང་པོ་མེས་པོའི་སྲོག་ཡིན། །

ཕུགས་བསམ་དང་མཐོང་ལམ་གཅིག་པའི་བོན་འབངས་ཡོངས་ཀྱིས། །

དབྱངས་རྟ་མཐོ་རུ་གྱེར་ནས་གསོལ་འདེབས་སྒྲོན་བཞིན་ཡོད། །

ས་ཆེན་གྱི་མཁས་པའི་དབང་པོ་ཨ་ལགས་བོན་བརྒྱ། །

              མཁས་པའི་དབང་པོ་བོན་བརྒྱ་ཐམས་ཅད་མཁྱེན་པར་གསོལ་བ་འདེབས་ཞོར་དུ་གུས་པོ་སངས་རྒྱས་རྒྱ་མཚོས་ཁྲོ་ཚང་དགོན་དུ་སྦྱར།

ཡེ་ལོ 2019 ལོའི་ཟླ་བ 2 པོའི་ཚེས 4 ཉིན།

བླ་མ་བླ་ཆེན་བླ་མེད་ཐུགས་དགོངས་ཟབ། །

ཟབ་དོན་ཟབ་མོའི་ཟབ་ཚད་མཚོ་དང་གླིང་། །

གླིང་བཞི་གླིང་ཕྲན་གླིང་གི་རི་རབ་ཀུན། །

ཀུན་ལས་ཀུན་ལྷག་ཀུན་ལ་མ་ལྟར་བྱམས། །

 

སྐྱེ་བ་སྐྱེ་བར་སྐྱེ་བོའི་ལུས་བླངས་དྲིན། །

དྲིན་ལྡན་དྲིན་ཆེན་དྲིན་ལན་གཞལ་དཀའི་རྗེ། །

རྗེ་བོ་རྗེ་བཙུན་རྗེ་ཉིད་དུས་ཀུན་དྲན། །

དྲན་དབང་དྲན་པའི་དྲན་དབྱངས་ཤུགས་ཀྱིས་གྱེར། །

              ཅེས་རྩེ་རྫོང་མི་རིགས་སློབ་འབྲིང་གི་དགེ་མིང་ཙམ་འཛིན་པ་སྟོད་ཀྱི་མི་བོ་རུ་འབོད་པས་དྲན་དང་དད་པས་ཕུལ།

 

སྨྲ་བའི་དབང་ཕྱུག་རྒྱལ་མཆོག་དམུ་དབང་སྲས། །

སྟོན་མཆོག་བདེ་གཤེགས་སྟོང་གི་སྒྱུ་འཕྲུལ་ལས། །

སྐུ་ཚེའི་ཚད་དང་གཤེགས་བཞུགས་དབང་འབྱོར་བ། །

གང་འདུལ་འགྲོ་ཀུན་བསྐྱངས་བའི་བཀའ་དྲིན་དྲན། །

 

ངོ་བོ་འགྱུར་མེད་གནས་ལུགས་སྟོང་བའི་གཤིས། །

རང་བཞིན་ལྷུན་གྲུབ་བདེ་ཆེན་བོན་གྱི་སྐུ། །

ཐུགས་རྗེ་ཀུན་ཁྱབ་བོན་བརྒྱ་རིན་པོ་ཆེ། །

ཡང་སྤྲུལ་མྱུར་འབྱོན་སྨོན་ལམ་སྟོང་དང་བསྡེབས། །

                  མག་སར་ཁྱུང་པོ་གཡུང་དྲུང་དར་རྒྱས་གླིང་གི་བོན་སྔགས་གཡུང་དྲུང་ཚེ་རིང་གིས་བླ་མ་དྲན་པའི་གདུང་བ་སྨྱུག་རྩེར་ཕབ་པ་དགེ་གྱུར་ཅིག

 

ཐེག་དགུ་ལྷུན་པོའི་སྙིང་ཁམས་སུ། །

གཞུང་ཆེན་དཀྲིགས་པའི་ང་རོ་ཅན། །

དེ་སྒྲུབ་ཟུང་འཇུག་གཏེར་བརྒྱའི་སྒོ། །

འབྱེད་ལ་གངས་ཀྱི་སེང་གེ་ཡིན། །

 

མདོ་སྨད་རིག་འབྱུང་གྲོང་དུ་ནི། །

གཤེན་བསྟན་བདུད་ལས་རྒྱལ་བ་རུ། །

མཁའ་རུ་བསྒྲེངས་མཁས་བོན་བརྒྱ་བ། །

སྲིད་མཐའི་བར་དུ་སྤྱི་བོས་མཆོད། །

སྙན་བཟང་ཚེ་དབང་ནས།

 

མི་རྟག་སྒྱུ་མའི་ཟློས་གར། །

མི་ཡུལ་ཁམས་ནས་འཁྲབ་སོང་། །

ང་ཡི་སྐྱབས་མགོན་བླ་མ། །

དག་པའི་ཞིང་དུ་གཤེགས་སོང། །

 

བཀའ་དྲིན་ཅན་གྱི་བླ་མ། །

ཁྱེད་ཀྱི་མཛད་པ་འཕྲིན་ལས། །

དད་ལྡན་བོན་འབངས་སེམས་ནས། །

ནམ་ཡང་ཡལ་བ་མི་སྲིད། །

 ཞེས་ཞོ་འོང་ཉིན་བལྟའི་ཐོས་བརྩོན་མཁན་རྡོ་རྗེ་རྒྱལ་གྱིས་སྤྱི་ལོ་2018ལོའི་ཟླ་12པའི་ཚེས31ཉིན་གྱི་དགོང་མོའི་ཆུ་ཚོད10པར་བླ་མ་དྲན་པའི་གདུང་དབྱངས་དང་བསྡོངས་རང་ཁྱིམ་དུ་བྲིས།།

 

ལྟ་བ་ཡེ་གྲོལ་བོན་ཉིད་མ་དང་འཕྲད། །

སྒོམ་པ་དབྱེར་མེད་རང་འབྱུང་རྩལ་རྫོགས་པའི། །

སྤྱོད་པ་འགག་མེད་ལྟུལ་ཤུགས་སྐྱོངས་མཛད་པ། །

སྲིད་ཞིའི་བླ་མ་དགེ་ལེགས་རྒྱ་མཚོ་བསྐུར། །

 

འཛམ་གླིང་མཁས་མང་ས་སྟེང་མང་ན་ཡང། །

གཡུང་དྲུང་བོན་གྱི་གཞུངས་ལུགས་རྒྱ་མཚོ་ལ། །

ཧུབ་ཙམ་ཐུང་མཁན་ཇི་ཉིད་ཡོད་ཀྱང་རུང། །

བོན་རྒྱ་བླ་མ་ཁྱེད་ལ་མགྲན་ནུས་སུ། །

དགྲ་དཔུང་།

 

མུན་པའི་དཔུང་ལ་བོན་གྱི་གཟི་འོད་སྤར། །

ཨ་འཐས་འཁྱག་ལ་བདེན་པའི་དྲོད་ཁོལ་སྦྱིན། །

ཧོས་ཀྱི་རྒུད་པ་བསལ་བའི་ཉི་གཞོན་ཞིག །

རེབ་གོང་རིག་པ་འབྱུང་བའི་གྲོང་ནས་ཤར། །

 

སྐུ་ཚེའི་མཛད་འཕྲིན་བསྟན་འགྲོའི་དོན་ཕུལ་ནས། །

ནུབ་ཕྱོགས་འོལ་མོ་ལུང་གི་གནས་མལ་བསྙེགས། །

སང་ཞོགས་སྐྱ་རེངས་བསུ་མའི་དཔུང་འགྲོགས་ནས། །

སླར་ཡང་གངས་རིའི་ལྗོངས་ནས་འཆར་བར་ཤོག །

གཞི་ཚང་ཟླ་བ་གྲགས་པ།

 

དགེ་ཚོགས་དཔྱིད་ཀྱི་དཔལ་ཡོན་འབྱུང་བའི་གཏེར་ཆེན་པོ། །

ལེགས་བྱས་བསོད་ནམས་ཡེ་ཤེས་བླ་མེད་བོན་གྱི་མཛོད། །

ལྷུན་གྲུབ་མ་འགག་དགོངས་ཀློང་མཐིལ་དུ་གྲོལ་མཛད་པ། །

རྒྱ་ཆེའི་བོན་གྱི་མཚོ་རླབས་འཛིན་ལ་གསོལ་བ་འདེབས། །

 

འཆད་རྩོད་རྩོམ་གསུམ་རྒྱལ་བསྟན་ཉིན་བྱེད་འོད་ཀྱི་འཁྱུད། །

འཛིན་སྐྱོང་སྤེལ་གསུམ་འགྲོ་ཁམས་བདེ་སྐྱིད་དཔལ་དུ་བསྐྲུན། །

བསྙེན་སྒྲུབ་ལས་གསུམ་སྔགས་རྫོགས་གཞུང་ལུགས་གདམས་པ་འཛིན། །

སྐྱབས་གཅིག་བོན་བརྒྱ་མཆོག་ཉིད་སླར་ཡང་སྙིང་ནས་དྲན། །

                  ཞེས་༧སྐྱབས་མཆོག་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་རིན་པོ་ཆེ་མཆོག་གི་བཀའ་དྲིན་སྙིང་ནས་དྲན་པའི་དད་རྟེན་དུ་ཤར་ལ་ཉེ་བའི་གནམ་ལོ་གསར་ཚེས་ལ་གུས་རིན་སྤུངས་ཚུལ་བསྟན་ནས་༢༠༡༩་༢་༤ཉིན་གྱི་དགོང་མོར་ཤར་མར་བྲིས་པའོ། །

 

བོན་བསྟན་ཡོངས་ཀྱི་མངའ་བདག་སྐྱབས་རྗེ་མཆོག །

མཆོག་གི་མཁས་དབང་དགེ་ལེགས་མཚན་ཅན་གང་། །

གང་གི་རྣམ་ཐར་མཛད་རྗེས་ཟླ་མེད་པ། །

པ་སངས་ལྟར་དཀར་གསལ་བའི་མཐའ་མ་རིག །

 

དེང་འདིར་སྐུ་ཡི་ཉི་མ་ནུབ་གྱུར་ཀྱང་། །

ཉིད་ཀྱིས་མཛད་པའི་བསྟན་འགྲོའི་ཕན་བདེའི་རྒྱན། །

ལེགས་གསུང་བསྟན་བཅོས་མུ་ཏིག་ཐང་མའི་དཔྱ། །

རྗེས་འཇུག་སློབ་བུའི་སྤྱི་ནོར་ཡིད་ཀྱི་དཔྱིད། །

དགེ་ལུགས་པའི་གྲལ་མཐའ་བ་སྤེན་འཛུམ་དཀར་ནས།

 

ན་མོ་ཅི་པར་རཏྣ་པ་ཏ་ཡ།

བསྐལ་བཟང་རྣམ་འདྲེན་བྱེ་བའི་ཡེ་ཤེས་འཕྲུལ། །

ལྔ་སྙིགས་གདུལ་དཀའི་སེམས་ཅན་དཔལ་ཤར་བ། །

གྱེར་སྤུངས་མཆོག་དང་དབྱེར་མེད་བླ་མ་རྗེ། །

མི་ཕྱེད་དད་པའི་པད་མོ་སྙིང་དབུས་བཞད། །

 

གཟུགས་སྐུའི་ཉིན་བྱེད་ནུབ་རིའི་མཁར་འཆེལ་ཡང་། །

ཐུགས་རྗེའི་འོད་ཞགས་ནམ་ཡང་ལྷོད་མིན་པས། །

ཅི་སྲིད་གདོད་མའི་གོ་འཕང་མ་རེག་པར། །

དེ་སྲིད་གསང་གསུམ་བཀོད་པས་རྗེས་བཟུང་གསོལ། །

                     དཔོན་གསས་བླ་མ་དམ་པར་མི་ཕྱེད་པའི་དད་མོས་ཅན་ཡིད་རྒྱལ་མིང་ཅན་ནས་མཆོག་གཟིགས་བླ་མའི་རྗེས་དྲན་དུ་གུས་པས་བྲིས།

 

མཚན་དཔེའི་གཟི་བྱིན་གསེར་གྱི་ལྷུན་པོའི་སྐུ། །

རྒྱལ་གཤེན་ལེགས་བཤད་གཏམ་གྱི་བོན་སྒྲའི་གསུང་། །

ཡེ་ཤེས་རྒྱ་མཚོ་གཏིང་མཐའ་བྲལ་བའི་ཐུགས། །

བཀའ་དྲིན་བཞི་རྫོགས་བླ་མ་སྙིང་ནས་དྲན། །

 

བྱམས་པ་འོ་མཚོའི་རླབས་ཀྱི་ཕྲེང་བ་རྩེན། །

བརྩེ་བ་ནགས་ཀླུང་བསིལ་མོའི་ཁོར་ཡུག་མཛེས། །

སྙིང་རྗེའི་ཟླ་བ་དཀར་པོའི་འོད་མདངས་འཁྱིལ། །

སྙིགས་དུས་འགྲོ་བའི་མགོན་ཁྱོད་སྙིང་ནས་དྲན། །

ཞེས་བོན་མང་བྱིངས་འདྲེན་ཆེན་མོ་དར་གྲོང་རྡོ་རྗེ་ནས།

 

དགེ་ལེགས་ཤེས་བྱའི་ཉི་འོད་མཁའ་ལ་འཕགས། །

ལྷུན་གྲུབ་སྟོབས་བཅུའི་དཀྱིལ་འཁོར་ཡོངས་སུ་རྫོགས། །

རྒྱ་མཚོའི་སྤངས་རྟོགས་ས་ཆེན་སྣང་བྱེད་པ། །

ཀུན་མཁྱེན་བོན་བརྒྱ་བླ་མར་གསོལ་བ་འདེབས། །

 

སངས་རྒྱས་སྟོང་གི་མཁྱེན་རྩལ་རབ་ཡངས་པའི། །

ཐུགས་བརྩེ་དངོས་གྲུབ་ཕུང་བོའི་བྱམས་སེམས་ཅན། །

ངེས་ལེགས་གྲུ་ཆར་འཇོ་བའི་མགོན་པོ་མཆོག །

སྙིང་ནས་དྲན་ཚེ་དད་པས་མཆི་མ་དཀུ། །

 

སླད་ཀྱང་ཞུ་མཆིད་བསྟན་འགྲོའི་གཙུག་རྒྱན་དང་། །

ཁྱད་པར་སྐྱེ་རྒུའི་སྡུག་བསྔལ་སེལ་ཆེད་ལ། །

ཚེ་ལ་མངའ་བ་རིག་པ་འཛིན་པའི་སྐུ། །

མྱུར་ཏུ་འབྱོན་པའི་སྐྱབས་ཞུ་སྙིང་ནས་ཞུ། །

                  གུས་སློབ་ཁྲི་ཕུན་ཚོགས་ནས་ཕུལ།

 

སྲིད་པ་གངས་ཀྱི་བརྗིད་པའི་ཁ་བའི་ལྗོངས། །

ཤེས་རིག་བང་མཛོད་གཏེར་གྱི་སྒྲོམ་བུ་ལ། །

བློ་རིག་འཕྲུལ་གྱི་ལྡེ་མིག་འཆང་བའི་མགོན། །

མཁས་པའི་དབང་པོ་སྨྲ་དབང་བོན་བརྒྱ་བསྔགས། །

 

སྐལ་བ་ཡ་ཐོག་གདོད་མའི་གདོད་མ་རུ། །

བོན་སྒྲུང་ལྡེའུ་གསུམ་སྣང་བའི་ཁམས་སུ་སྙོམས། །

ལོ་རྒྱུས་དབྱེ་འབྱེད་གཟུ་བའི་ལྷ་ཆེན་པོ། །

བདེ་ཆེན་དབྱིངས་གཤེགས་མཛད་ལ་གསོལ་བ་འདེབས། །

རྔ་བའི་བློན་ཚང་བསྟན་ཁོ་ནས།

 

རྒྱལ་ཀུན་གསང་གསུམ་གཅིག་བསྡུས་རང་གཟུགས་སྲིད་ཞིའི་མཛེས་པ་ཀུན་རྫོགས་པ། །

འབྱམས་ཀླས་ཤེས་དང་ཤེས་བྱའི་འདབ་བརྒྱད་ཕྱོགས་སུ་བཀྲ་པའི་མ་ལི་ཀ །

ལེགས་གསུང་རྐང་དྲུག་དབྱངས་ཀྱི་སྙན་པས་ལྔ་བདོའི་དུས་ཀྱི་མཐའ་འདི་ཡང་། །

རྫོགས་ལྡན་དཔལ་དུ་འགོད་པའི་བྱེད་པོ་རྣམ་འདྲེན་གཉིས་པ་གང་དེ་དྲན། །

 

དགེ་ལེགས་སྟོང་གི་གཟི་བྱིན་གྱིས་འཁྱུད་བྱམས་བརྩེའི་ཚ་རླབས་འབར་པ་ཡི། །

ལྷུན་འགྲུབ་སྨྲ་བའི་ཟླ་བ་གཅིག་གིས་ལོག་སྨྲའི་སྨག་རུམ་དྲུང་ཕྱུང་ནས། །

རྒྱ་མཚོའི་རྡུལ་ལ་འཕྱ་བའི་གདུལ་བྱ་སྨིན་གྲོལ་ས་ལ་འགོད་མཛད་པའི། །

རྒྱལ་སྲས་གཡུང་དྲུང་སེམས་དཔའི་མཛད་སྤྱོད་དྲན་ཞིང་སྙིམ་པའི་པདྨོ་ཟུམ། །

 

མ་སྨད་ཀུན་བཟང་སྤྱོད་པའི་ཆུ་མཐོངས་ཁྱོན། །

བློ་དམན་བྱེའུའི་གཤོག་པས་གཞལ་དཀའ་ཡང་། །

བྱམས་བརྩེའི་གཟི་བྱིན་འབར་བའི་སྣང་བ་ཡིས། །

དད་གསུམ་འདབ་སྟོང་དགོད་ལ་སུ་ཞིག་བཤུང་། །

           བོད་རབ་བྱུང་བཅུ་བདུན་པའི་ས་ཕག་ལོའི་རྒྱལ་ཟླ་བའི་གནམ་སྟོང་ཆུ་ཚོད་ཉེར་གཉིས་དང་སྐར་ཆ་སོ་ལྔར་ཉེ་མཚམས་སུ་མགོན་པོ་གང་ཉིད་དྲན་པའི་གདུང་བ་ལྕི་མོས་མནར་བཞིན་བྲིས་པའོ།།   སྡོང་སྐམ་བཀྲ་ཤིས་ནས་ཕུལ། 

 

དུས་ད་ལྟ་བླ་མ་མི་བཞུགས་ཀི། །

སྐྱབས་བསླུ་མེད་འགྲོ་བའི་གང་ལ་བཅོལ། །

ངའི་རྩ་བའི་བླ་མ་རིན་པོ་ཆེ། །

སྐུ་མ་འགྱངས་མྱུར་མོར་ཕྱིར་ལ་ཕེབས། །

ང་སློབ་ཚོགས་མང་པོའི་ཁྱེད་སྐུ་དྲན། །

ཡུལ་གཟིམ་ཁང་མཇལ་ན་ལྷག་དུ་དྲན། །

མིག་མཆི་མའི་ཕྲེང་ཐག་གདོང་ནས་ལྷུང། །

ད་དྲན་ཀྱང་བླ་མ་གང་ན་བཞུགས། །

སྐུའི་མཛད་པ་རེ་རེ་བགྲངས་མེད་རེད། །

ཐུགས་དགོངས་པ་ཡིད་ལ་དཔག་མེད་རེད། །

སྤྱིར་འགྲོ་བའི་དོན་ལ་རླབས་ཆེ་བ། །

རྗེ་བླ་མ་ཁྱེད་ལས་སུ་ཞིག་མཆིས། །

ངས་སེམས་ཀྱི་ཉི་ཟླའི་རང་མདངས་ཅན། །

རྗེ་དྲིན་ཆེན་བོན་བརྒྱ་རིན་པོ་ཆེ། །

ཁྱེད་ཡང་སྤྲུལ་མྱུར་ཏུ་འབྱོན་ལ་ཤོག །

ཚེ་འདི་ཕྱི་ཀུན་གྱི་སྐྱབས་མགོན་ལགས། །

བོན་རོང་བ་ཚེ་དབང་ཐར་ནས་བླ་མ་དྲན་པའི་གདུང་བ་དང་བཅས་ཕུལ་བའོ།།

 

ས་ཆེན་གྱི་གོ་ལ་འདིར། །

ཁྱེད་ཟེར་བ་ཞིག་མེད་ན། །

ང་ཟེར་བ་ཞིག་གིས་སྟོང་། །

ཁྱེད་ཉིད་སེམས་གཏིང་ནས་དྲན། །

 

འཇིག་རྟེན་གྱི་འོད་སྣང་དེ། །

ཁྱེད་ཡོད་པས་འཕྲོ་བཞིན་འདུག །

སྙིང་གི་མཁས་ཆེན་དམ་ཚོ། །

ཁྱེད་ཉིད་སེམས་གཏིང་ནས་དྲན། །

སྨྲ་སེང་སྒྲོན་མེ་ནས།

 

དགེ་བའི་ལག་ལེན་ཐུགས་དང་སྟོབས་ཀྱིས་མཛད། །

ལེགས་པའི་ལམ་བཟང་གདུལ་བྱའི་ཚོགས་སུ་བསྟན། །

ལྷུན་པོ་གསེར་གྱི་ལྕགས་རི་བརྩིགས་པའི་ཡུལ། །

གྲུབ་གནས་བྱིན་ལྡན་བཤད་སྒྲུབ་སྨན་རིའི་གླིང་། །

 

རྒྱ་ཆེན་སྙིང་རྗེའི་རླབས་ཟེགས་འཕྱོ་བའི་མགོན། །

མཚོ་མོ་ལྟ་བུའི་མཁས་མིང་བོན་བརྒྱ་རྗེ། །

དྲན་པའི་མིག་ཆུ་གངས་རི་ཚལ་ན་འཕྱོ། །

ཡང་སྤྲུལ་གསེར་གྱི་ཉི་གཞོན་འཛུམ་པར་སྨོན། །

གངས་སྐྱེས་ནས་ཕུལ།

 

རིན་ཆེན་དང་པོ་བྲིན་ལས་ལྷག་པ་མདོ་སྔགས་རྒྱུད་སྡེའི་བང་མཛོད་གང་། །

སྔོན་མོ་རྡོ་དང་གཡའ་མའི་འཁྱགས་པ་ཟས་སུ་ཟ་བའི་ཏིང་འཛིན་ཉིད། །

རིམ་གཉིས་རྣམ་འབྱོར་དཔལ་ལྡན་བླ་མ་ཀྱེ་མ་དགོངས་པ་བཞུད་པའི་གདུང་། །

ཚིག་གི་དབྱངས་ལ་རྒྱུས་ཐབས་བྲལ་ལོ་སེམས་དཔའ་ཆེན་པོ་དེ་ལ་འདུད། །

 

རྟག་འཛིན་ཅན་རྣམས་ཆོས་ལ་སྐུལ་ཕྱིར་ཁྱེད་ཉིད་རྒྱང་དུ་མྱུར་བཞུད་པས། །

ཕ་གཅིག་བླ་མ་གཏན་དུ་གྱེས་པའི་ལུས་ཅན་ཡོད་ཚད་ཞ་ར་བཞིན། །

ཆོས་སྲིད་ཟུང་གི་ནམ་མཁའི་ཁྱོན་ལ་གས་ཆག་ཤོར་བའི་རྒྱ་ཁྱོན་དོག །

ཨེ་མ་མཚར་རོ་བླ་མ་ཁྱེད་ནི་ཇི་འདྲའི་སེམས་དཔའ་ཆེན་པོ་ཞིག །

གླིང་རྒྱ་བོན་ཚང་མའི་བཀྲ་ཤིས་བསྟན་འཛིན་ནས།

 

ཀྱེ་མ་བསླུ་མེད་སྐྱབས་གནས་ཀུན་འདུས་སྐུ། །

འགགས་མེད་ཟབ་གསལ་ཡན་ལག་དྲུག་ཅུའི་གསུང་། །

ཇི་ལྟ་ཇི་སྙེད་མ་ལུས་མཁྱེན་པའི་ཐུགས། །

བཞི་རྫོགས་བཀའ་དྲིན་ཅན་ལ་ཕྱག་འཚལ་ལོ། །

 

ཁྱེད་སྐུ་ཟླ་གཞོན་འཛུམ་པའི་དཀྱིལ་འཁོར་དུ། །

བློ་གསལ་རྒྱུ་སྐར་བཀྲ་བ་མ་མཐོང་ན། །

གཤེན་བསྟན་ཀུ་མུད་འཛུམ་ལ་གེགས་གྱུར་བས། །

ཁྱེད་སྐུའི་ཐུགས་རྗེ་འོད་རྣོན་འཁྱིལ་བར་ཤོག །

 

དགེ་ལེགས་འོད་སྟོང་འབར་བའི་བྱིན་རླབས་དང་། །

ལྷུན་གྲུབ་རིག་པའི་རྒྱ་མཚོ་འཁྱིལ་བའི་གཞིར། །

གདུལ་བྱའི་བསོད་ནམས་རྒྱས་པའི་རྟེན་འབྲེལ་དུ། །

འཁྲུལ་མེད་སྤྲུལ་སྐུའི་ནོར་བུ་མྱུར་འབྱོན་ཤོག །

ངོ་མོ་དབང་རྒྱལ་ནས་གུས་ཕུལ།

 

གངས་ཀྱི་ར་བར་རིག་པའི་གད་རྒྱངས་བསྒྲགས། །

ཁམས་གསུམ་སྲིད་གནན་འགྲོ་ལ་བུ་ལྟར་བསྐྱངས། །

མཁས་གྲུབ་བྱེ་བའི་གཙུག་གི་ཅོད་པན་ཆེ། །

དེ་རིང་སྐུ་པར་མཐོང་ན་ལྷག་ཏུ་དྲན། །

 

བན་བོན་རིས་མེད་གཟུར་གནས་མཁས་དབང་དང་། །

ངུར་སྨྲིག་འདུལ་འཛིན་སྔགས་འཆང་སེམས་དཔའ་ཆེའི། །

འཁོར་དུ་བསྐོར་ཞིང་མགོན་དུ་གསོལ་བ་མཆོག །

དེ་རིང་མར་མེ་འབུལ་བཞིན་ཤིན་ཏུ་དྲན། །

                  ཁྱུང་བོ་བ་ཁྱུང་ཚང་འབྲུག་ལྷ་ཡིས་༡༠༡༨་༡༢་༣༠ཉིན་ཡབ་རྗེ་བླ་མ་ཐམས་ཅད་མཁྱེན་པ་མཆོག་ཤིན་ཏུ་དྲན་བཞིན་བྲིས་སོ།

 

བོན་གྱི་གནད་བརྒྱ་མཁྱེན་པའི་དཔལ་རྫོགས་ཤིང། །

དགེ་སྡིག་ལེགས་ཉེས་སྟོན་པའི་ཐབས་མཁས་པ། །

ལྷུན་བརྗིད་གྲུབ་པ་ཀུན་གྱི་སྤྱི་བོའི་ཏོག །

མཁས་གྲུབ་རྒྱ་མཚོ་དྲན་པའི་དབྱངས་སུ་འཐེན། །

 

ཁྱོད་ཉིད་གཤེགས་ནས་ཉིན་མཚན་དུས་མེད་དུ། །

དྲན་གདུང་སྙིང་གི་འཕར་ཚད་ཇེ་རྒོད་རེད། །

ཐང་སྐུའི་ཞལ་དཀྱིལ་གསུང་གི་གདམས་མཛོད་དག །

མངོན་སུམ་འཛིན་པའི་དྲན་པ་ལྷོད་མེད་ཡིན། །

ཀོ་དགོན་ནས་ཤོ་ཁྲི་རྒྱལ་གྱིས་ཕུལ།

 

གནས་བྱང་ཕྱོགས་གཤེན་བསྟན་རིན་ཆེན་གྱི་བདག་ཉིད། །

དཔལ་གཡུང་དྲུང་འཆང་དབང་དགེ་ལེགས་བླ་མ་མཆོག །

ནུབ་བདེ་བ་ཅན་གྱི་ཞིང་ཁམས་སུ་གཤེགས་ལ། །

བུ་དད་པ་ཅན་ངས་སྙིང་ཁོང་ནས་དྲན་བྱུང་། །

 

མགོན་བླ་མ་དྲན་ན་མིག་ནས་མཆི་མ་འགྲིལ། །

མཚན་ཟུར་ཙམ་བརྗོད་ལ་མགྲིན་པ་བརྣངས་ནས་ཡོང་། །

ཁོང་དེ་རིང་དངོས་སུ་བཞུགས་ན་དགའ་བ་ལ། །

ངའི་བཞི་རྗོགས་དཔོན་གསས་མི་བཞུགས་ཡིད་རེ་སྐྱོ། །

སྐྱིད་ཀུན་འབྱུང་ནོར་བུ་ནས་ཕུལ།

 

གཤེན་གྱི་སེམས་དཔའ་ཆེན་པོ་ཞིག །

འདི་ལྟར་ཞིང་དུ་གཤེགས་ཤུལ་ན། །

མགོན་མེད་སློབ་བུ་གྲངས་མེད་ཞིག །

ཡིད་ཀྱི་སྐྱོ་གདུང་མ་ཐེག་ལུས། །

 

མདོ་སྨད་བོན་གྱི་བདེ་སྡུག་ཐུགས་སུ་བསྣམས་ནས། །

གདུང་སེམས་དྲག་ཏུ་མནར་བའི་ཚུལ་འདི་གཟིགས་ཏེ། །

འཁྲུལ་མེད་མཆོག་སྤྲུལ་གསེར་གྱི་ཉི་མ་གཞོན་ནུ། །

བསྟན་དང་འགྲོ་བའི་མགོན་དུ་མྱུར་མོར་ཤར་ཤོག །

བོན་བརྒྱ་ལྷ་འབུམ་རྒྱལ།

 

རྗེ་བཙུན་དམ་པའི་ཞལ་གསེར་ནི། །

ཡིད་ཀྱིས་ངེས་པར་སྒོམ་བཞིན་དུ། །

སྐྱོ་གདུང་སྨེང་ངག་གྱེས་བྱས་ནས། །

འདྲེན་པས་བྱིན་རླབས་འཇུག་པར་ཤོག །

 

དབང་ལྡན་རིག་པའི་ལུས་ཅན་གང་། །

སྐྱེས་ནས་འཆི་བའི་རང་བཞིན་ཏེ། །

ཁྲི་གདུགས་ཉི་མ་འོད་པོ་ཆེ། །

ཤར་ནས་ནུབ་པ་འཁོར་བའི་གཤིས། །

འཇུ་ཐག  

 

རིག་འཛིན་རིག་པའི་ཐུགས་སྤྲུལ་རྗེ། །

ཚེ་དབང་དངོས་བྱོན་བོན་བརྒྱ་བ། །

དགེ་ལེགས་འབུམ་གྱི་ཉི་ཟེར་རྒྱས། །

ལྷུན་གྱིས་གྲུབ་པའི་འགྲོ་དོན་མཛད། །

 

འགྲོ་དྲུག་གསོ་བ་རྒྱ་མཚོའི་གཏེར། །

ནོར་བུས་དགོས་འདོད་ཀུན་འབྱུང་བཞིན། །

སྨོན་པ་ཅི་བཞིན་འགྲུབ་མཛད་པའི། །

ཀུན་གྱི་མགོན་སྐྱབས་ཁྱེད་ཕྱག་མཚལ། །

ཚེ་དབང་ལྷུན་འགྲུབ་ནས།

 

གང་སྐུ་ཟླ་བའི་མཚན་དཔེའི་གཟུགས་ཅན་གནམ་ཀུན་གཙུག་ཏུ་བཞེངས། །

གང་གསུང་འཕྲིན་ལས་ངག་རིག་དབྱར་རྔ་གངས་ཅན་ཞིང་དུ་དཔའ། །

གང་ཐུགས་མཁྱེན་རབ་ཉི་ཟླའི་དཀྱིལ་འཁོར་གདུལ་བྱའི་ཁམས་སུ་བདལ། །

གང་གི་ངོ་བོ་མཁས་པའི་དབང་པོ་བོན་རྒྱལ་ཐམས་ཅད་མཁྱེན། །

 

སྡེ་སྣོད་གཞུང་བརྒྱ་མཁྱེན་པའི་བློ་གྲོས་ནམ་མཁའ་མཛོད་འཛིན་ཞིང་། །

ཚད་གསུམ་རིང་རིགས་འགྲན་པའི་ཟླ་བྲལ་ལོག་སྨྲ་མེ་ཆར་ཕབས། །

ལྟ་སྒོམ་རང་ས་ཟིན་པས་ལུས་རྒྱ་རལ་ནས་རྩལ་གསུམ་རྫོགས། །

སྐྱབས་ཀྱི་ཡུལ་མཆོག་དཔལ་ལྡན་བླ་མར་དུས་ཀུན་གསོལ་བར་འདེབས།

ཀོ་་་་བསམ་གཏན་རྣམ་རྒྱལ་ནས།

 

སྐྱབས་གནས་མ་ལུས་འདུས་པའི་ངོ་བོ་ཉིད། །

གསང་གསུམ་ཡོན་ཏན་མཛོད་འཛིན་རིགས་བརྒྱའི་བདག །

ཐུགས་རྗེ་ཐབས་མཁས་བསྟན་འགྲོ་སྐྱོང་མཛད་པ། །

དཔལ་ལྡན་བླ་མ་ཡང་ཡང་་རྗེས་སུ་དྲན། །

 

བསྟན་འགྲོའི་དོན་ལ་ཐུགས་རྗེས་ཉེར་གཟིགས་ཏེ། །

མི་མཇེད་ཞིང་གི་འགྲོ་བའི་མཆོད་གནས་སུ། །

ཡང་སྤྲུལ་ཉི་མ་གཞོན་ནུ་འོད་པོ་ཆེ། །

མི་འགྱངས་ལམ་སེང་འབྱོན་པར་ལན་བརྒྱར་གསོལ། །

སྐྱིད་བུ་དྲུང་མུ་ནས།

 

གངས་ལ་ཐིག་ལེ་ཕབ་པའི་ལོ་རབས་ལ། །

གཟི་ཡིག་གངས་ལ་བཏབས་པའི་ཐུགས་སྟོབས་ཅན། །

འཕྲུལ་གྱི་ཡིག་འབྲུ་སྤུངས་པའི་གནས་མལ་འདི། །

ཡབ་རྗེ་ངལ་བའི་ལས་ཀྱིས་བཞེངས་པ་ཡིན། །

 

གཤེན་བསྟན་ཉི་མར་དབུ་ཡོག་བྱུང་བའི་དུས། །

ཤེས་རབ་བདེན་པས་སྤྲིན་གྱི་ཕུང་བོ་གཏོར། །

ཉི་ཟླ་ཕྲུགས་གཅིག་བསྐྲུན་པའི་ནམ་མཁའ་འདི། །

གྱེར་མིའི་གཞིས་སུ་བསྐྲུན་པའི་བོན་བརྒྱ་བ། །

སྐྱིད་སྲས་དགེ་ལེགས་ཉི་མ་ནས།

 

མཁས་མཛོད་བཟང་གསུམ་ལྡན་པའི། །

མཛམ་གླིང་གཙུག་གིས་ནོར་བུ། །

ཡབ་ཆེན་སྨྲ་སེང་རྣམ་སྤྲུལ། །

གཞན་ཡུལ་བཞུར་བ་སྐྱོ་སོང་། །

 

མི་གཤེན་བསྟན་པ་སྐྱོང་མཁན། །

ཡབ་རྗེའི་གཙུག་གིས་ནོར་བུ། །

མགོན་མེད་དྭ་ཕྲུག་སྐྱོར་བས། །

དྲན་པའི་གདུངས་དབྱངས་སྒྲོན་སོང་། །

སྟེང་ཆེན     རྣོ་གྲི།

 

མུན་པའི་ཀློང་ན་ཤོག་སྦག་མེ་ཏོག་འཐོར། །

དྲ་བའི་སྒང་ན་ཤིས་སྨོན་ཆར་བ་འབབ། །

ཡིན་ཡང་སེམས་ཀྱི་ཉི་མ་ནུབ་པ་དེས། །

ཡོད་ཚད་བྱིས་པའི་རྩེད་མོ་ཉིད་དུ་རྟོག །

 

དཀའ་བའི་ལ་མོ་བརྩོན་པའི་ཤུགས་ཀྱིལ་བརྒལ། །

མཁས་པའི་བྱ་བ་མི་ཚེའི་རྒྱན་དུ་བླངས། །

འདི་ཕྱིའི་ས་མཁན་བརྩེ་བའི་གཉེན་གྱུར་བ། །

དགེ་ལེགས་ཉིན་མོར་བྱེད་པའི་དཔལ་དེ་དྲན། །

ཞེས་མགོན་པོ་གང་གི་གདུལ་བྱའི་གྲལ་མཐའ་བ་ཁྱུང་བཟང་དུ་འབོད་པས་ལོ་གསར་གྱི་དྲ་ལམ་ཤིས་སྨོན་བུ་ཡུག་བཞིན་འཚུབ་པའི་ཀློང་ནས་རང་གི་རྩ་བའི་བླ་མ་ཤིན་ཏུ་དྲན་པའི་གདུང་བ་དང་བཅས། 2018 ལོའི་ཟླ 12 ཚེས 30 བའི་མཚན་མོའི་དུས་ཚོད 11:33 སྟེང་བྲིས།

 

གངས་དཀར་ཏི་སེའི་རྔམ་བརྗིད་སྔར་བཞིན་མཆིས། །

རྨ་ཆེན་གངས་རིའི་རང་མདངས་ཡལ་མེད་ཀྱང་། །

ང་ཡི་བླ་རི་མཐོན་པོའི་ཟིལ་ཤུགས་ཉམས། །

མགོན་མེད་སྐྱབས་བྲལ་ལུས་པའི་སྡུག་གིས་མནར། །

 

མ་པང་མཚོའི་རླབས་རྒྱུན་དགུང་ལ་འཕྱུར། །

ཁྲི་ཤོར་རྒྱལ་མོའི་ཟེགས་མ་ཕྱོགས་ཀུན་འཐོར། །

ང་ཡི་བླ་མཚོ་དྭངས་མོའི་དྭངས་གསལ་ཉམས། །

མགོན་མེད་སྐྱབས་བྲལ་ལུས་པའི་སྡུག་གིས་མནར། །

ཁྱུང་སྐོར་མཁར་ལོ་ནས།

 

གསང་ཆེན་རྒྱུད་སྡེ་བཞི་ཡི་དོན་ཁྲོལ་ཅིང་། །

བོན་སྔགས་སྟོང་དང་དགུ་བརྒྱའི་སྲོག་འཛུགས་པའི། །

བོན་གྱི་སྐྱེས་ཆེན་བོན་བརྒྱ་བླ་མ་ཞེས། །

ས་སྟེང་སྐྱེ་བོ་ང་ལ་ཐུགས་རྗེས་གཟིགས། །

 

གསང་ཆེན་རྒྱུད་དོན་ཁྲོལ་བར་བྱིན་གྱིས་རློབས། །

གང་ཉིད་ཐུགས་རྗེ་ཉེ་རིང་མེད་པས་ན། །

གང་གི་ཐུགས་རྗེའི་བྱིན་མཐུ་ཟབ་མོ་ཡིས། །

གསང་གསུམ་བར་ཆད་ཞི་བར་བྱིན་གྱིས་རློབས། །

རིག་པའི་ཁུ་བྱུག །

 

ཕ་དང་དབྱེར་མེད་འགྲོ་བའི་མགོན་པོ་ལགས། །

མ་དང་ཁྱད་མེད་འགྲོ་ལ་བུ་ལྟར་བྱམས། །

ཀུན་གྱི་གཙུག་རྒྱན་གྱུར་བའི་ལྷ་ཆེན་ལགས། །

གནམ་སའི་ཀ་རིང་འདེགས་པའི་སེམས་དཔའ་ལགས། །

 

སྙིང་གི་རི་བོ་འགྱེལ་བའི་གནས་འཛིན་ལ། །

མིག་ཆུའི་ཕྲེང་ཐག་ཡང་ཡང་ཆད་ནའང་། །

བསྟན་དོན་འགྲོ་ལ་བརྩེ་བའི་དགོངས་རྟོགས་སུ། །

ཡང་སྤྲུལ་མྱུར་དུ་བྱོན་པའི་སྨོན་ལམ་འདེབས། །

འཇགས་རིའི་སྐར་ཆེན།

 

གངས་ཅན་འཛིན་མའི་སྣོད་བཅུད་བསྐྱངས་པའི་མགོན། །

སྒོས་སུ་བོན་བསྟན་སྤེལ་ལ་སེམས་དཔའ་ཆེ། །

སྐལ་བཟང་དངོས་ཞལ་མཇལ་བའི་དུས་ཡོལ་ན། །

གསུང་གསེར་བདུད་རྩི་མ་བརྗེད་བུ་སློབ་ཚོ། །

 

གང་གི་ཐུགས་རྗེའི་ཞུན་མའི་འབབ་རྒྱུན་ལས། །

བྱུང་བའི་ལེགས་བཤད་བསྟན་བཅོས་སྙིང་ལ་སྒོས། །

རིང་མིན་སྐྱབས་སུ་བྱོན་པའི་གསོལ་འདེབས་ཀྱིས། །

དུས་རྣམ་ཀུན་ཏུ་རྗེས་བཟུང་བྱིན་གྱིས་རློབས། །

མག་སར་བསོད་ནམས་རྒྱལ་མཚན་ནས།

 

རིག་པའི་གནས་ལ་མངའ་དབང་ཞིང་།

རིག་དྲུག་འགྲོ་བ་འདྲེན་པའི་མགོན།

རིག་པ་འབྱུང་བའི་གྲོང་ཁྱེར་ནས།

རིག་པའི་སེང་ཆེན་རྗེས་སུ་དྲན།

 

རིག་འཛིན་བླ་མའི་རྣམ་སྤྲུལ་ཞིག།

རིག་པའི་ཀློང་སུ་ཐུམས་ན་ཡང་།

རིག་པ་འབྱུང་བའི་གྲོང་ཁྱེར་འདིར།

རིག་པའི་ཡང་སྤྲུལ་མྱུར་བྱོན་ཤོག།།

རིག་འབྱུང་རྒྱ་སྟག་ནས་གུས་ཕུལ།

 

དགེ་བའི་ལེགས་ཚོགས་གཅིག་བསྡུས་རྒྱལ་བ་ཀུན་འདུས་གཟུགས།།

ལྷུན་གྱིས་གྲུབ་པའི་ངག་དབང་སྨྲ་སེང་ལྷ་ཡི་མཆོག །

རྒྱ་ཆེན་མཚོ་མཇིངས་ལྟར་ཟབ་ཐུགས་བསྐྱེད་ནམ་མཁའི་ཀློང་།།

སྐུ་གསུམ་བདག་ཉིད་བླ་མ་མཆོག་ལ་གུས་ཕྱག་མཆོད།།

 

ཕྱི་ན་གནམ་ལོ་གསར་བའི་ཡོ་ལང་རྒྱས་པའི་དུས།།

ནང་ན་བསྙེན་སྒྲུབ་ལས་ལ་བརྩོན་པའི་སྒྲུབ་གཤེན་ངས།།

བཀའ་དྲིན་བཞི་རྫོགས་མཚུངས་མེད་བླ་མ་དྲན་པའི་ངོར།།

མཆོག་སྤྲུལ་མྱུར་འབྱོན་གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས།།

   ཞེས་མགོན་པོ་གང་གི་གདུལ་བྱའི་གྲལ་མཐའ་བ་ཁྱུང་དཀར་ཟླ་བས་ཚེས་གཅིག་ཞོགས་པའི་ཟས་ཀྱི་ཐུན་མཚམས་སུ་སྤེལ་བའོ།།

 

ངོ་བོ་གདོད་མའི་མགོན་པོ་ཀུན་ཏུ་བཟང་།    །

རང་བཞིན་ལྷུན་གྲུབ་འོད་དཀར་ལོངས་སྤྱོད་རྫོགས། །

ཐུགས་རྗེ་ཀུན་གྲོལ་སྤྲུལ་སྐུ་འཆི་མེད་གཙུག །

སྐུ་གསུམ་དབྱེར་མེད་བླ་མའི་བཀའ་དྲིན་དྲན། །

 

སྐྱབས་མཆོག་རྩ་གསུམ་སྲུང་མའི་བྱིན་རླབས་དང་།  །

བདག་ཅག་ལེགས་བྱས་ཚོགས་གཉིས་བསགས་པའི་མཐུས།  །

ཡང་སྤྲུལ་འཁྲུལ་མེད་གསེར་ཞལ་མྱུར་མཇལ་ཏེ།  །

བླ་མ་དྲན་པའི་གདུང་བ་སེལ་གྱུར་ཅིག །

    གླིང་བརྒྱའི་བོན་ཚང་མའི་སྔགས་འཆང་གཡུང་དྲུང་ནས།

 

དྲན་པའི་དྲན་པ་བཀུག་ན། །

གཙུག་གི་ནོར་བུ་དྲན་གི །

ཉིན་དང་མཚན་གྱི་བར་ནས། །

མིག་ཆུའི་ཕྲེང་ཐག་རྒྱུན་གི །

 

དྲན་པ་དྲན་པའི་ཁྲོད་ནས། །

བླ་མའི་མཛད་འཕྲིན་དྲན་གི། །

གདུང་བའི་མགོ་བོ་དུད་ནས། །

འཇལ་རྒྱུ་བྱུང་ན་བསམ་གི །

རེབ་སྐྱིད་ཡར་འཕེལ་ནས།

 

གཡུང་དྲུང་བོན་གྱི་བསྟན་པའི་ཁུར་ཆེན་ཕྲག་ཏུ་བཞེས་དུས་ཁྱེད་ལ་མངལ་བའི་སྣང་བ་ཡེ་ནས་མེད་ལ་དཀའ་སྡུག་དང་བར་ཆད་ཀྱི་ཆུ་བོ་ཇི་ལྟར་ཆེ་རུ་བཞུར་ཡང་ཁྱེད་ཀྱི་རིག་པའི་རྣམ་དཔྱོད་ཀྱིས་གསེར་ཟམ་དེ་ལས་ལྷག་པ་ཞིག་བཙུགས་དེ་བསྟན་པའི་དར་ཆེན་མཁའ་ལ་བསྒྲེངས་ཡོད་པས། བླ་མ་ལགས། ཁྱེད་ལ་སྐུ་དྲིན་ཆེ་ཞུ། ང་ཚོས་ཁྱེད་སྐུའི་ཡང་སྤྲུལ་མྱུར་དུ་འབྱོན་པའི་སྨོན་འདུན་གྱི་ཀློང་ནས་དྲན་པའི་གདུང་འབོད་འདི་དབང་མེད་དུ་ཤོར།

ཞེས་རྩོམ་སྒྲིག་པ་རེབ་སྐྱིད་ཡར་འཕེལ་ནས་༢༠༡༩ལོའི་ཟླ༡པའི་ཚེས༡ཉིན།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།