བགྲེས་པོའི་ཁ་བརྡའི་གླེང་སློང་།

བགྲེས་པོའི་ཁ་བརྡའི་གླེང་སློང་།
ཆོས་འཁོར་ཚང་དགེ་བཤེས་གཡུང་དྲུང་རྒྱ་མཚོ།

    འཛམ་གླིང་ས་སྒང་གི་ཡང་རྩེར་འགྱིང་པའི་རི་བོ་ཧི་མ་ལ་ཡར་གྲགས་པ་གང་གི་མངལ་རུམ་ནས་བཙས་ཤིང་འཚར་ལོངས་བྱུང་བའི་ཆོས་རིག་སྟེ། གཡུང་དྲུང་གི་བོན་རིན་པོ་ཆེ་འདི་ནི། བྱུང་རབས་ལོ་རྒྱུས་ཀྱི་འགོ་ཕུགས་རིང་ལ། མེས་པོའི་གཟི་མདངས་མ་ཉམས་པའི་བགྲེས་པོ་ཞིག་སྟེ། ཆེས་གདོད་མའི་ངང་ཚུལ་ཡང་ལྡན་ཞིང་། འགྲོ་བ་སྤྱི་ཡི་འདོད་པའི་གསོས་སུ་སྨན་པའི་ཕན་རླབས་ཀྱང་ཆེས་ཆེར་ཡོད་མོད་ཀྱང་། དུས་རབས་ཀྱི་འཕོ་འགྱུར་དབང་གིས་འཕེལ་འགྲིབ་ཀྱི་སྐྱིད་སྡུག་དང་གོད་ཆག་གི་མནར་གཅོད་སོགས་ཁྲག་དྲི་བྲོ་བའི་གནས་ཚུལ་བསམ་ལས་འདས་པར་ཕོག་མྱོང་།      ལྷག་པར་དུས་རབས་བདུན་པ་ནས་བཟུང་ལྷོ་མཐའི་རྒྱ་མཚོ་ལས་ཆོས་ཀྱི་རྦ་རླབས་བྱང་དུ་འཕྱུར་ཞིང་། ཤར་སྣེའི་མྱ་ངམ་ཐང་ལས་སྲིད་ཀྱི་ལྷགས་རླུང་ནུབ་ཏུ་འཚུབས་པས། ལོ་རབས་བརྒྱ་ཕྲག་དུ་མར་ཁ་བའི་རང་མདངས་འཚེར་བའི་དབུས་ཀྱི་གངས་རྒྱལ་ཏི་སེ་ཡི་རང་བྱུང་དྲི་མེད་ཆོས་རིག་གི་གཟི་དཔལ་དེ་ཉིད་རེ་ཞིག་ནག་ནོག་དབྲེ་བཙོག་གིས་སྦག་འགོ་ཚུགས།     འོན་ཀྱང་། བོན་གཤེན་གོང་མའི་ཐུགས་རྗེའི་སྤྲིན་གསེབ་ལས་འཁྲུངས་པའི་ཐུགས་སྨོན་གྱི་ཁ་བའི་མེ་ཏོག་བར་མེད་ཅིག་བོན་འབངས་འགྲོ་བའི་བསོད་ནམས་ཀྱི་ཞིང་སར་སིབ་སིབ་ཏུ་བབས་པས། ཏི་སེ་གངས་ཀྱི་གཟི་ཉམས་སླར་ཡང་གསོས་ཤིང་བྱིན་ཆགས་སྔར་ལྟར་དཔལ་དུ་འབར། ལྷུན་གྱིས་བརྗིད་པའི་སྲིད་པའི་གངས་རྒྱལ་དེའི་གཏོས་ལས་ཁ་འབབ་རྣམ་བཞིས་གཙོས་པའི་ཆུ་བོའི་རྒྱུད་ལུང་མན་ངག་ཟབ་མོའི་ལེགས་བཤད་ཀྱང་ཕྱོགས་བཞིའི་ཀླུང་གཤོངས་སུ་བཞུར། དེ་བཞིན་དུས་དང་སྐབས་ལ་རན་པའི་མཚོ་དང་། མཚེའུ། རྫིང་བུ། ན་མར། ནེའུ་གསིང་དང་བཅས་པའི་བོན་གཏེར་ཡང་རབས་དང་རིམ་པར་བརྡོལ་བས། སྔར་ཞང་ཞུང་སྒོ་ཕུགས་བར་གསུམ་དང་བོད་ཁམས་རུ་བཞིར་གྲགས་པའམ། ཕྱིས་ཁྲི་སྐོར་བཅུ་གསུམ་དུ་གྲགས་པ་དེ་དག་ཙམ་དུ་མ་ཟད། རི་བོ་ཧི་མ་ལ་ཡའི་རྒྱབ་མདུན་གྱི་གངས་སུལ་ཀུན་དང་མཐའ་མཚམས་ཀྱི་གནའ་གྲོང་ཇི་སྙེད་ཅིག་ཏུའང་སྲིད་པའི་གངས་རྒྱལ་དེ་ཡི་གངས་ཆབ་ཀྱི་བཞུར་རྒྱུན་ལས་བྱུང་བའི་ཐིགས་རྡོག་རེ་རེ་ཡང་འགྲོ་བའི་ཡིད་ཀྱི་མྱ་ངན་ནམ་ཟུག་རྔུའི་སྐོམ་གདུང་སེལ་བའི་བདུད་རྩིའི་སྙིང་པོ་ཁོ་ནར་གྲུབ།      དེ་ལྟར་བདུད་རྩིའི་ཐིགས་འཕྲེང་རྒྱུན་ཏུ་ཟགས་པའི་ཐིགས་རྡོག་རེ་རེ་ཡན་ཆད་བསྲུང་བར་བརྩོན་པའི་གྲུབ་ཐོབ་རིག་པ་འཛིན་པའི་སྐྱེས་ཆེན་བསམ་གྱིས་མི་ཁྱབ་པར་བྱོན་པ་སྟེ། མཁས་པ་མི་བཞི་དང་། མཐུ་ཆེན་མི་དགུ། གཏེར་སྟོན་བརྒྱ་རྩ། གདུང་རྒྱུད་ཆེ་ལྔ། གཞན་ཡང་རྒྱལ་བ་མཉམ་མེད་ཆེན་པོ་ནས་ད་ལྟའི་རྒྱལ་བ་སྨན་རི་བའི་མཁན་སློབ་ཉི་ཟླ་ཟུང་འབྲེེལ་གྱི་བར་དུ་རང་གི་གཅེས་སྲོག་ལའང་ཅི་མི་སྙམ་པར་ལུང་རྟོགས་ཀྱི་བསྟན་པ་འདི་ཉིད་ཁོ་ནར་གཙིགས་སྦྱིན་པའི་བསྟན་འཛིན་གྱི་སྐྱེས་མཆོག་ཇི་སྙེད་ཅིག་བྱོན་པ་དེ་དག་གི་ཐུགས་རྗེའི་བཀའ་དྲིན་ལས་ད་ལྟའི་ཆར་གངས་ཆབ་བསིལ་མ་འདི་དག་ལ་ཡིད་སྨོན་འཆོར་མཁན་ནི་གླིང་ཆེན་ཨེ་ཤ་ཡའི་ནུབ་མཐའ་ལས་བརྒལ་ཏེ་ཕྱི་གླིང་ཨ་རི་དང་ཡུ་རོབ་སོགས་སུའང་ཁྱབ་ནས་ཡོད།     དེང་སྐབས་ནུབ་གླིང་དེ་དག་ན་འདི་ཉིད་ལོངས་སུ་སྤྱོད་སའི་བོན་ཚོགས་དང་། ཐུགས་སྣང་མཛད་སའི་མཐོ་སློབ་ཀྱང་ཡོད་པས་མ་ཚད། རྒྱ་ཡུལ་གཙོས་པའི་ཤར་ཕྱོགས་སུའང་དོན་གཉེར་ཅན་ཡང་འཕེལ་བཞིན་འདུག་པས། དེ་ནི་འཛམ་གླིང་གི་ཡང་རྩེ་ནས་བཞུར་བའི་ལོ་རྒྱུས་ཀྱི་ཉིང་བཅུད་ཀྱིས་ཕྱུག་པའི་རོ་མཆོག་བརྒྱ་ལྡན་གྱི་གངས་ཆུ་བསིལ་མ་དེ་ཉིད་འཛམ་གླིང་ས་ཆེན་ཡངས་པའི་སྟེང་དུ་འཚོ་བའི་འགྲོ་བ་མི་ཡི་རིགས་ལ་ཡིད་ཀྱིས་མནར་བའི་སྐོམ་གདུང་སེལ་བར་བྱེད་པའི་ཞི་བདེའི་ལེགས་སྐྱེས་ཕུལ་དུ་བྱུང་བ་ཞིག་ལོས་ཀྱང་ཡིན་པར་སྙམ།     རྒྱུ་མཚན་དེ་དག་ལ་བརྟེན་ནས་འདི་གའི་བལ་པོའི་རྒྱལ་ས་ཡམ་བུར་གནས་འཁོད་བོན་གྱི་གདན་ས༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་རྩོམ་རིག་སྡེ་ཚན་བགྲེས་པོའི་འབེལ་གཏམ་རྩོམ་སྒྲིག་ཁང་གིས་བོན་དང་འབྲེལ་བའི་ཕྱི་ནང་གི་དོན་གཉེར་ཅན་རྣམས་དང་ཞིབ་འཇུག་པ་དག་ལ་ངོ་སྤྲོད་རྒྱུས་ལོན་ལེགས་པར་ཡོང་རེར་དམིགས་ཏེ། བོན་དང་བོན་གྱི་གནས་རི་དགོན་སྡེ་མི་སྣ་ངོ་སྤྲོད་དང་། ལོ་རྒྱུས་རྒྱལ་རབས་བསྟན་འབྱུང་། དཔྱད་རྩོམ་དང་ལྷུག་རྩོམ། སྙན་རྩོམ་དང་གནས་ཚུལ་ཅི་རིགས་འཁོད་པའི་ལོ་དེབ་འདི་བཞིན་འདོན་སྤེལ་ཞུས་དང་ཞུ་མུས་ལྟར་འདི་ལོའི་འདོན་ཐེངས་བཅུ་གཅིག་པ་འདིར་ཡང་ཕྱི་ནང་གི་སྨྱུག་ཐོགས་པ་གང་མང་ཞིག་ནས་རྩོམ་ཡིག་སྣ་མང་དང་ལེགས་སྤེལ་ཉེས་འགོག་གི་ལམ་སྟོན་ཟབ་མོ་གནང་བྱུང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཞུའོ།། །།

རྩོམ་སྒྲིག་པ་ཆོས་འཁོར་ཚང་དགེ་བཤེས་གཡུང་དྲུང་རྒྱ་མཚོས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།