སྨན་རིའི་བཤད་སྒྲུབ་མཁན་པོ་དགེ་བཤེས་ཉི་མ་དོན་འགྲུབ་མཆོག་གི་གཏམ་བཤད།

སྨན་རིའི་བཤད་སྒྲུབ་མཁན་པོ་དགེ་བཤེས་ཉི་མ་དོན་འགྲུབ་མཆོག་གི་གཏམ་བཤད།
རྩོམ་པ་པོ། ཁྲི་གཡུང་དྲུང་། ཡོང་ཁུངས། གཡུང་དྲུང་བོན་དྲ་ཚིགས།
1

དེ་ཡང་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་སློབ་གཉེར་བའི་བདེ་དོན་ལྷན་ཚོགས་ཀྱིས་བསླབ་པ་བགྲེས་པོའི་སྟོན་ཆོས་དེ་བཞིན་ཕྱི་ལོ་༢༠༡༢ཟླ་༡༠ཚེས་༠༣ནས་༠༦བར་ཉིན་བཞིའི་རིང་མགོན་མེད་ཟས་སྦྱིན་མགྲོན་ཁང་དུ་ཚོགས་ཡོད་པ་བཞིན། ཕྱོགས་མཐའ་ནས་མི་རིགས་འདྲ་མིན་དང་ཆོས་ལུགས་འདྲ་མིན་གྱི་མཁས་དབང་དང་དགེ་བཤེས་ཆེད་མཁས་སོགས་གདན་ཞུས་གནང་ཡོད་པ་དང་། གཡུང་དྲུང་བོན་གྱི་གདན་ས་སྨན་རིའི་གླིང་ནས་བཤད་སྒྲུབ་མཁན་པོ་དགེ་བཤེས་ཉི་མ་དོན་འགྲུབ་མཆོག་གདན་ཞུས་ཀྱིས་ཁོང་གིས་བོན་སྒོ་བཞི་མཛོད་ལྔའི་སྐོར་དང་བོན་འཁོར་ཚིག་བཞིའི་སྐོར་སོགས་ལ་གསུང་བཤད་བགྲོ་གླེང་གཟབ་རྒྱས་གནང་ཡོད་པ་དང་། ཁོང་གི་གཏམ་བཤད་ཁག་གཤམ་ནས་གཟིགས་གནང་ཞུ།
2སྒོ་བཞི་མཛོད་ལྔ་དང་འབྲེལ་བའི་བོན་གྱི་གཏམ་གླེང་འཐོར་བུ།

སྤྱིར་བསྐལ་བཟང་སྒྲོན་མེ་ཅན་གྱི་བསྐལ་པ་ཞེས་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་དང་རྩ་གཉིས་བྱོན་པའི་ནང་ནས་དང་ཐོག་འགྲོ་འདུལ་རྣམ་འདྲེན་སྟོན་པ་རབ་དགུའི་མཚན་བྱང་རྟགས་རིལ་རིམ་བཞིན་བབས་ཏེ། ཚེ་ལོ་འབུམ་པའི་སྟོན་པ་སྟོན་པ་སྣང་བ་རང་འབྱུང་ཐུགས་རྗེ་ཅན། བརྒྱད་ཁྲིར་དགེ་བ་འཁོར་བ་ཀུན་འདྲེན། དྲུག་ཁྲིར་ཀུན་ཤེས་ཉོན་མོངས་དུག་བསྲེགས། བཞི་ཁྲིར་ལེགས་པ་ཚད་མེད་ཐུགས་རྗེ། ཉིས་ཁྲིར་སྙོམས་པ་ཐམས་ཅད་མཁྱེན་གཟིགས། ཁྲི་པར་བྱམས་པ་ཁྲི་རྒྱལ་ཁུག་པ། སྟོང་གི་དུས་སུ་དག་པ་གཏོ་རྒྱལ་ཡེ་མཁྱེན། བརྒྱ་པའི་དུས་སུ་གསལ་བ་གཤེན་རབ་མི་བོ། བཅུ་པའི་དུས་སུ་ཤེས་པ་ཐང་མ་མེ་སྒྲོན། བཅས་དེ་དག་ཚེ་དམིགས་རེ་རེའི་སྟོན་པར་བྱོན་ཏེ་དེ་སྔོན་འདས་ཟིན་པའི་རྣམ་འདྲེན་སྟོན་པ་རབ་བདུན་གྱི་བསྟན་པ་རིམ་བཞིན་འགྲོ་དོན་རྫོགས་ནས། ད་ལྟ་རྩོད་ལྡན་ཚེ་ལོ་བརྒྱ་པ་སྙིགས་མ་ལྔ་བདོ་སྟེ། དུས་ཀྱི་སྙིགས་མ་རྩོད་ལྡན་དང༌། ཚེ་ཡི་སྙིགས་མ་མར་འགྲིབ། སེམས་ཅན་གྱི་སྙིགས་མ་གདུལ་དཀའ། ཉོན་མོངས་ཀྱི་སྙིགས་མ་དུག་ལྔ་ཁ་རགས། ལྟ་བའི་སྙིགས་མ་ཕྱིན་ཅི་ལོག་གི་དུས་སུ། ཆེད་དུ་བྱ་བའི་འགྲོ་འདུལ་སྟོན་པ་རྣམ་འདྲེན་བརྒྱད་པ་རྒྱལ་བ་གཤེན་རབ་མི་བོའི་འདུལ་སྐལ་གྱི་དུས་ཡིན། འདས་ཟིན་པའི་མི་ལོ་༡༨༠༢༩སྟོན་མཆོག་གཤེན་རབ་མི་བོ་འཇིག་རྟེན་གྱི་ཁམས་སུ་བྱོན་ཏེ་གཡུང་དྲུང་བོན་གྱི་བསྟན་པའི་སྲོལ་ཕྱེས་ནས་སྐུ་ཚེ་ཧྲིལ་པོའི་རིང་བསྟན་འགྲོའི་དོན་མཛད་ཚུལ། སྤྱིའི་མཛད་ཆེན་བཅུ་གཉིས་དང༌། སྒོས་སུ་མཛད་པ་དྲུག་ཅུ་རྩ་གཅིག བྱེ་བྲག་ཏུ་མཛད་པ་བརྒྱ་རྩ་བརྒྱད་སོགས་སྤྱི་སྒོས་བྱེ་བྲག་གི་མཛད་པ་རྒྱས་འབྲིང་བསྡུས་གསུམ༌། གཞན་ཡང་དེ་དག་བཀའ་འཁོར་ཐོག་མཐའ་བར་གསུམ་གྱི་ཁོངས་སུ་བསྡུས་ཚུལ་གྱི་རྣམ་བཞག་ཞིབ་རྒྱས་རྣམས་ཁོང་གི་རྣམ་ཐར་རྒྱས་འབྲིང་བསྡུས་གསུམ་ལས་གསལ་ཡོད། དེའི་ནང་ནས་ད་ལན་གྱི་སྐབས་འདིར་བཤད་བྱ་གཙོ་བོ་ནི། མཛད་པ་བརྒྱད་པ་བསྟན་པ་རྗེས་བཞག་གི་མཛད་པའི་སྐབས་དང༌། བཀའ་འཁོར་རིམ་པ་གསུམ་གྱི་ཁོངས་ནས་བཀའ་ཡི་འཁོར་ལོ་བར་པའི་སྐབས་སུ་གསུངས་པའི་བོན་སྒོ་བཞི་མཛོད་ལྔ་ཞེས་པ་འདི་ཉིད་ཡིན་པས་འདིར་དེ་དག་གི་གོ་དོན་དང་བྱུང་རིམ་སྙིང་བསྡུས་ཤིག་འཆད་པར་འདོད་དོ།

བོན་སྒོ་བཞི་མཛོད་ལྔ་ཞེས་པ་འདི་གང་ཞིག་ལ་ངོས་འཛིན་བྱ་དགོས།

དཔོན་གསས་མན་ངག་ལུང་གི་བོན་དང༌། ཆབ་དཀར་དྲག་པོ་སྔགས་ཀྱི་བོན་དང༌། ཆབ་ནག་སྲིད་པ་རྒྱུད་ཀྱི་བོན་དང༌། འཕན་ཡུལ་རྒྱས་པ་འབུམ་གྱི་བོན་དང༌། མཐོ་ཐོག་སྤྱི་རྒྱུག་མཛོད་ཀྱི་བོན་བཅས་ལ་བོན་སྒོ་བཞི་མཛོད་ལྔ་གསུངས་པ་ཡིན།

སྟོན་པས་བོན་སྒོ་བཞི་མཛོད་ལྔ་དུས་ནམ་ཞིག་ལ་གསུངས་པ།

སྟོན་པས་བཀའ་འཁོར་ཐོག་མཐའ་བར་གསུམ་བསྐོར་བའི་ནང་ནས་བཀའ་ཡི་འཁོར་ལོ་བར་མའི་ཁོངས་སུ་གསུངས། གཤེན་གྱི་དགུང་གྲངས་གྱ་གཉིས་ཀྱི་ཁོངས་ནས་དགུང་གྲངས་ཉེར་བདུན་དུ་ཞེས་པའི་སྐབས་སུ་གསུངས་པ་གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས་ལས་གསལ། མཛད་ཆེན་བཅུ་གཉིས་ཀྱི་ཁོངས་ནས་བསྟན་པ་རྣམ་གསུམ་རྗེས་བཞག་གི་མཛད་པ་སྟོན་པའི་སྐབས་གསུངས་པ་ཡིན།

བོན་སྒོ་བཞི་མཛོད་ལྔ་གང་གི་ཆེད་དུ་གསུངས་པ་དང་གསུང་པའི་འཁོར།

གདུལ་བྱ་ཉོན་མོངས་བརྒྱད་ཁྲི་བཞི་སྟོང་གདུལ་བའི་གཉེན་པོར་གདུལ་བྱེད་བོན་གྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་དང༌། ཉོན་མོངས་དུག་གསུམ་ལ་ལྟོས་ཏེ་བོན་ཕྱི་ནང་གསང་གསུམ། རིག་པ་དང་མ་རིག་པ་ལ་ལྟོས་ཏེ་བཀའ་ལ་དྲང་དོན་དང་ངེས་དོན་ཅེས་གསུངས་པ་ལྟར། གདུལ་བྱ་ཉོན་མོངས་དུག་ལྔ་གདུལ་བའི་དོན་དུ་བོན་སྒོ་བཞི་མཛོད་ལྔ་གསུངས་པ་ཡིན། དེ་ཡང་ཇི་ལྟར་གསུངས་ཞེས་ན། འཁོར་བའི་སེམས་ཅན་ཉོན་མོངས་པ་གཏི་མུག་གི་དབང་དུ་གྱུར་པ་རྣམས་ཀྱི་མ་རིག་པའི་མུན་པ་སེལ་ཞིང༌། རིག་པའི་ཡེ་ཤེས་བསྐྱེད་པར་བྱ་བའི་ཕྱིར་དུ་དཔོན་གསས་མན་ངག་ལུང་གི་བོན་གསུངས་པ་ཡིན།
འཁོར་བའི་སེམས་ཅན་ཉོན་མོངས་པ་ཞེ་སྡང་གི་དབང་དུ་གྱུར་པ་རྣམས་ཀྱི་ཞེ་སྡང་འཁོར་བ་དབྱིང་སུ་བསྒྲལ་བའི་ཕྱིར་དུ། ཆབ་དཀར་དྲག་པོ་སྔགས་ཀྱི་བོན་གསུངས་པ་ཡིན། འཁོར་བའི་སེམས་ཅན་ཉོན་མོངས་པ་འདོད་ཆགས་ཀྱི་དབང་དུ་གྱུར་པ་རྣམས་ཀྱི་ཞེན་ཅིང་ཆགས་པའི་སྡུག་བསྔལ་ལས་གྲོལ་ཞིང༌། ཆགས་མེད་རྣམ་པར་དག་པའི་དོན་དང་ལྡན་པའི་ཕྱིར་དུ། འཕན་ཡུལ་རྒྱས་པ་འབུམ་གྱི་བོན་གསུངས་པ་ཡིན། འཁོར་བའི་སེམས་ཅན་ཉོན་མོངས་པ་ཕྲག་དོག་གི་དབང་དུ་གྱུར་པ་རྣམས་ཀྱི་གདུག་རྩུབ་ཞི་ཞིང༌། ཐམས་ཅད་ཡངས་པ་དང་བདེ་བའི་ཞིང་ཁམས་ལ་འགོད་པར་བྱ་བའི་ཕྱིར་དུ། ཆབ་ནག་སྲིད་པ་རྒྱུད་ཀྱི་བོན་སྡེ་རྣམས་གསུངས་པ་ཡིན། འཁོར་བའི་སེམས་ཅན་ཉོན་མོངས་པ་ང་རྒྱལ་གྱི་དབང་དུ་གྱུར་པ་རྣམས་ཀྱི་རང་ཆེ་གྱོང་ཁེངས་ཀྱི་དྲེག་པ་བཅོམ་ན་ཞེ་བདེ་སྙོམས་པའི་ངང་དུ་སྙོམས་པར་བྱ་བའི་ཕྱིར་དུ། ཐམས་ཅད་ཀུན་ལ་སྤྱི་རུ་རྒྱུགསཤིང་སྣང་ཞིང་སྲིད་པ་ཁ་ཡོ་སྙོམས་པ། གཙང་མ་མཐོ་ཐོག་སྤྱི་རྒྱུགས་མཛོད་ཀྱི་བོན་གསུངས་པ་ཡིན་ནོ། གསུངས་པའི་འཁོར་ནི། འབྱུང་བའི་གཤེན་ཆེན་པོ་བཞི་སྟེ། ས་བོན་མི་འགྱུར་གླིང་དྲུག་དང། ཆུ་བོན་དག་པ་སྒྲིབ་སེལ། མེ་བོན་གསང་གྲགས་ཡེ་ཤེས། རླུང་བོན་ཚུལ་འབར་མུ་ཕྱོད་བཅས་ཡིན།

བོན་སྒོ་བཞི་མཛོད་ལྔའི་དོན་འགྲེལ།

ཚིག་གི་སྤྲོས་པ་ཆུང་ཞིང་དོན་གྱི་སྙིང་པོ་སྐྱེ་འགག་མེད་པ་ཐིག་ལེ་ཉག་ཅིག་གི་དོན་གཙོ་བོར་སྟོན་པའི་བརྗོད་བྱ་དོན་དང་ལྡན་པའི་ལེགས་བཤད་རྣམ་དག་ཅིག་ལ་དཔོན་གསས་མན་ངག་ལུང་གི་བོན་ཞེས་བརྗོད་པ་ཡིན། ཚེ་འདི་དང་ཕྱི་མ་གཉིས་ཀྱི་ནང་ནས་ཚེ་ཕྱི་མའི་དོན་ཆེན་སྒྲུབ་བྱེད་དང༌། འཕྲལ་གྱི་སྡུག་བསྔལ་དང་ཡུན་གྱི་སྡུག་བསྔལ་གཉིས་ལས། གཙོ་བོ་ཡུན་གྱི་སྡུག་བསྔལ་སེལ་བྱེད་དུ་སྟོན་པ་སངས་རྒྱས་གཤེན་རབ་མི་བོས་གསུངས་པ་ཞིག་ཡིན། འདི་ནི་ཚེ་གཅིག་ལུས་གཅིག་ལ་བྱང་ཆུབ་བསྒྲུབ་པར་ནུས་པའི་དབང་པོ་ཡང་རབས་རྣམས་ཀྱི་དོན་ཆེད་དུ་གསུངས་པ་ཞིག་ལས། ཕལ་དང་ཕལ་གྱི་སྤྱོད་ཡུལ་དུ་མ་གྱུར་པ་ཡིན། འདི་ལ་འབྲས་བུའི་བོན་ཞེས་བརྗོད། ཆབ་ནག་སྲིད་པ་རྒྱུད་ཀྱི་བོན་ཞེས་པ་འདི་ནི། ཐམས་ཅད་མཁྱེན་པས་དབང་པོ་ཐ་མའི་དོན་དུ་གསུངས་པ་ཞིག་ཡིན། དེ་ཡང་བྱང་ཆུབ་སྒྲུབ་པའི་རྟེན་མཆོག་ཁྱད་པར་ཅན་འདི་ཉིད་ཡུན་རིང་དང་སྲ་བརྟན་བདེ་ལེགས་དང་ལྡན་པའི་ཆེད་ཡིན། གཙོ་བོར་མོ་རྩིས་གཏོ་དཔྱད་ཀྱི་ལམ་ནས་ནད་གདོན་སེལ་བ་དང༌། མདོས་དང་ཡས་སྟགས་སོགས་ཀྱིས་ལམ་ནས་སྣང་སྲིད་ཞི་བདེར་བཅོས་པ། རྫུ་འཕྲུལ་དང་ནུས་མཐུས་བསྟན་དགྲ་འཇོམས་ཤིང་རྣམ་ཤེས་སྲིད་པ་བར་མའི་ལམ་ལས་དྲངས་ཏེ་མཐོ་རིས་བདེ་ལམ་སྙེགས་བྱེད་ཐབས་ལམ་དེ་དག་ལ་ཆབ་ནག་སྲིད་པ་རྒྱུད་ཀྱི་བོན་ཞེས་བྱ་བ་ཡིན། དེ་དག་ལ་རྒྱུ་ཡི་བོན་ཞེས་བརྗོད།མདོར་ན་ནད་ཀྱིས་གདུང་བ་སྨན་གྱིས་གསོ་བ་དང༌། གདོན་གྱིས་རླམ་པ་གཏོ་ཡིས་བཅོས་པ། རྒས་རྒུད་འཆི་འཕོ་རྩིས་ཀྱིས་བཏུལ་བར་མཛད་པའོ། ཆབ་དཀར་དྲག་པོ་སྔགས་ཀྱི་བོན་ཞེས་པ་འདི་ནི། ཐ་མལ་གྱི་སྣང་བས་བསྡུས་པའི་ཕྱི་ཡི་སྣོད་དང༌། ནང་གི་བཅུད། ཉོན་མོངས་དུག་ལྔ་དུག་གསུམ་གྱི་རྟོག་ཚོགས་ཐམས་ཅད། སྤང་གྲོལ་ལ་སོགས་མི་མཛད་པར་དག་པའི་རང་བཞིན་དུ་བསྒྱུར་བྱེད་ཀྱི་ཐབས་ལམ་སྟོན་པའི་གཞུང་ཞིག་ལ་ངོས་འཛིན་པ་ཡིན། དེ་ནི་ཐམས་ཅད་མཁྱེན་པས་དབང་པོ་འབྲིང་གི་དོན་དུ་གསུངས་པ་ཡིན། འཕན་ཡུལ་རྒྱས་པ་འབུམ་གྱི་བོན་ཞེས་པ་ནི། གཙོ་བོར་འདོན་པའི་སྡེ་ཡི་ཁོངས་སུ་གཏོགས་པའི་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་གཙོ་བོར་སྟོན་པའི་ཤེར་ཕྱིན་འབུམ་སྡེ་དེ་དག་དང༌། མཆོད་པའི་སྡེ་ཡི་ཁོངས་སུ་གཏོགས་པའི་ཡར་མཆོད་མར་སྦྱིན་གྱི་ཚོགས་སུ་གྱུར་པ་དེ་དག་གོ འདི་ནི་ཐམས་ཅད་མཁྱེན་པས་དབང་པོ་འབྲིང་གྱི་དོན་དུ་གསུངས་པ་ཡིན། འདི་ལ་འབྲས་བུའི་བོན་ཞུས་པ་ཡིན། མཐོ་ཐོག་སྤྱི་རྒྱུགས་མཛོད་ཀྱི་བོན་ཞེས་པ་ནི། སྒོ་བཞི་ཀུན་ལ་རྒྱུགས་པའི་བོན་སྡེ་ཞིག་གོཚིག་གི་སྤྲོས་པ་དང་བཅས་ནས་གསུངས་པ་ཡིན། འདི་ལ་མདོ་རྫོགས་གཉིས་ཀྱི་ཆ་ཡོད་དོ།

བོན་སྒོ་བཞི་མཛོད་ལྔའི་ཚིག་འགྲེལ།

དཔོན་ནི་སྐྱེ་བ་མེད་པ་ལ། གསས་ནི་འགག་པ་མེད་པའོ། ཆབ་ནི་འགྲོ་བ་གསོ་བ་ལ། ནག་ནི་མི་འགྱུར་ཆེན་པོའོ། འཕན་ནི་བོན་ཉིད་སྤྲོས་པ་ལ། ཡུལ་ནི་སེམས་ཉིད་གདལ་པའོ། ཆབ་ནི་བདུད་རྩི་གྲུབ་པ་ལ། དཀར་ནི་སྐྱོན་མེད་རྫོགས་པའོ། གཙང་ནི་སྒྲིབ་གཉིས་བྱང་བ་ལ། མཐོ་ཐོག་ཚོགས་གཉིས་རྫོགས་པའོ། སྤྱིར་ནི་སྒོ་བཞི་འདུས་པ་ལ། རྒྱུག་ནི་ཀུན་ལ་ཁྱབ་པའོ། ཞེས་མཛད་མདོ་འབྲིང་ལས་གསལ་བ་ལྟར་རོ།

བོན་སྒོ་བཞི་མཛོད་ལྔ་དེ་དག་ཞང་བོད་ཀྱི་ལྗོངས་སུ་ཇི་ལྟར་དར་བ།

སྟོན་པ་དགུང་ལོ་ཉི་ཤུ་ལ་ཕེབས་སྐབས་བདུད་ཁྱབ་པས་རྐྱེན་བསྐུལ་ཏེ་བདུད་ཕྲུག་ཤོར་བ་རྐྱ་བདུན་གྱིས་གཤེན་གྱི་རྟ་བདུན་བརྐུས་ཏེ་ཀོང་ཡུལ་དུ་བྲོས། སྟོན་པ་གཤེན་རབ་བྱོལ་སོང་རྟ་ལ་ཆགས་པ་མ་ཡིན་ཀྱང་བོད་སྲིན་པོའི་རིགས་རྣམས་དབང་དུ་བསྡུ་བ་དང༌། བདུད་དྲེགས་པ་རྣམས་འཁོར་དུ་བསྡུས་ཕྱིར་ཞང་ཞུང་ཕུགས་པ་རྟག་གཟིགས་འོལ་མོ་ལུང་རིང་ནས་ཞང་ཞུང་དང་རྟག་གཟིགས་ཀྱི་ས་མཚམས་བརྒྱུད་དེ། ཞང་ཞུང་ཡུལ་དུ་ཕེབས། ཞང་ཞུང་གི་བོན་པོ་ལ་ཛོ་དང་སྔགས་ཀྱི་ལུང་ཕོག ནམ་མཁའ་དཀར་ནག་དང༌། རྩི་ཤིང་བན་བུན། ཞུགས་ཤང་གསེར་སྐྱེམས་སོགས་བསྟན། དེ་ནས་སྟོན་པ་ཞང་ཞུང་དུམ་པ་ཚལ་གྱི་ཡུལ་དུ་ཕེབས། རིན་པོ་ཆེའི་བྲག་ལ་གཤེན་རབ་ཀྱི་ཞབས་རྗེས་ཁྲུ་གང་ལྷག་ཙམ་གསལ་ལམ་མེ་བ་ཞིག་བཀྲ་ཤིས་ཀྱི་རྟགས་སུ་བཞག། དེ་ནས་སྟོན་པ་ཆུ་བོ་བཞི་འདུས་ཀྱི་མགོ་བོ་ཞང་ཞུང་བོན་གྱི་ཡུལ་རི་བོ་གངས་ཅན་ཏི་སེའི་དྲུང་རྒྱང་རི་གཡུ་ལོ་རྫོང་མཁར་དུ་བྱོན་ཏེ་གསས་མཁར་ནོར་བུ་སྤུངས་རྩེགས་བཞེངས། ཞང་ཞུང་གི་རྒྱལ་རབས་བཅོ་བརྒྱད་ཀྱི་ཐོག་མ་ཁྲི་ཝེར་ལ་གསེར་གྱི་བྱ་རུ་ཅན་ལ་ཁྲི་རྗེ་ལུང་བསྟན་གྱི་མདོ་གསུངས། དེ་ནས་སྟོན་པ་ཀོང་པོ་རོང་ནགས་སུ་གཤེགས། བདུད་རི་བསྒྱེལ་ནས་ཐུགས་སྤྲུལ་བོན་རི་ཆེན་པོ་ཕྱི་རབས་འགྲོ་བའི་དད་རྟེན་དུ་བཞག ཀོང་རྗེ་དཀར་པོ་དབང་དུ་འདུས། ཀོང་བཟང་ཁྲི་ལྕམ་ཁབ་ཏུ་བཞེས། སྐབས་དེར་བོད་ལ་རྒྱུ་འབྲས་ཀྱི་བོན་རྣམས་བསྟན་པ་ལ་སྐབས་སུ་མ་བབས་པར་གཟིགས་ཏེ་ཞལ་ནས། མཐའ་འཁོབ་མི་ཡི་ལུང་མི་གོ དེ་ཕྱིར་ངེས་དོན་མ་བསྟན་ནོ། ཞེས་གསུངས་ནས་མ་འོངས་བསྟན་པ་དར་བའི་སྨོན་ལམ་རྒྱ་ཆེར་བཏབ་སྟེ་སླར་འོལ་མོ་ལུང་རིང་དུ་གཤེགས་སོ། ནམ་མཁའ་སྣང་བ་མདོག་ཅན་ཁྱོད། དེ་དུས་དེ་དང་དུས་མཉམ་དུ། རྒྱལ་གཤེན་བསྟན་པ་མཉམ་ཆགས་མཛོད། ཅེས་པའི་མངོན་གཟིགས་ལུང་གིས་བསྔགས་པ་ལྟར། ཞང་ཞུང་ཕུག་པའི་ཡུལ་ནས་བོད་ཡུལ་དུ་ཕེབས། འདས་ཟིན་པའི་མི་ལོ་༣༡༤༨བོད་རྗེ་ཐོག་མ་གཉའ་ཁྲི་བཙན་པོའི་འདྲེན་པའི་དཔོན་གསས་དང་བཀའ་ཡི་ལོ་པཎ་མཛད། སྐུ་བསྲུང་གི་གཤེན་པོ་ནི་མཚེ་མི་དམུ་རྒྱལ་དང༌། གཅོའུ་ཕྱག་དཀར་ཡིན། ཐུགས་དམ་གྱི་བོན་ནི་སྤྱི་སྤུངས་ཀྱི་བོན་སྐོར་དང༌། དབལ་རམ་སོགས་ལ་མཛད། གསས་ཁང་གཡུང་དྲུང་ལྷ་རྩེ་བྱ་བ་བཞེངས། རྒྱལ་པོའི་ཕོ་བྲང་ནི་བོད་ཀྱི་རྒྱལ་མཁར་ལ་སྔ་བ་ཕྱིང་བ་སྟག་རྩེ་བཏབ། བོད་རྒྱལ་གཉའ་ཁྲིའི་དུས་སུ་བོན་སྒོ་བཞི་མཛོད་ལྔའི་ནང་ནས། ཆབ་ནག་གི་བོན་སྡེའི་ཁོངས་སུ་གཏོགས་པའི་རྒྱུའི་བོན་བཅུ་གཉིས་ལ་མཁས་པའི་བོན་ཤེས་པ་ཅན་བཅུ་གཉིས་དར། མགོན་ཤེས་ལྷ་བོན། གཡང་ཤེས་ཕྱྭ་བོན། འགྲོ་ཤེས་གླུད་གཏོང༌། འདུར་ཤེས་སྲིད་གཤེན། གཙང་ཤེས་སེལ་འདེབས། སྒྲོལ་ཤེས་ལྷ་བྱད། ཕན་ཤེས་སྨན་དཔྱད། གཏོ་ཤེས་རྩིས་མཁན། སྨྲང་ཤེས་གཏོ་དགུ། ལྡིང་ཤེས་ཤ་བ། འཕྲུལ་ཤེས་ཇུ་ཐིག འགྲོ་ཤེས་འཕྲུལ་བོན་བཅས་ཤིན་ཏུ་དར། དེ་ཡང་དམངས་ཁྲོད་དུ་རྒྱུའི་བོན་དང༌། རྒྱལ་འཁོར་དུ་འབྲས་བུའི་བོན་ལ་སྤྱོད་ཅིང་ཐུགས་དམ་ཉམས་ལེན་མཛད་དོ། འདས་ཟིན་པའི་མི་ལོ་༣༠༨༦བོད་རྒྱལ་མུ་ཁྲིའི་རིང་ཞང་ཞུང་གི་མཁས་པ་བརྒྱ་དང་རྩ་བརྒྱད་གདན་དྲངས་ཏེ་ཆབ་དཀར་དྲག་པོ་སྔགས་ཀྱི་བོན་དང་དཔོན་གསས་མན་ངག་ལུང་གི་བོན་མཐོ་ཐོག་སྤྱི་རྒྱུག་མཛོད་ཀྱི་བོན་ཤིན་ཏུ་དར་ཆེ་བ་བྱུང༌། སྐུ་གཤེན་གཤེན་ནམ་མཁའ་སྣང་བ་མདོག་ཅན་རང་གིས་མཛད། གཉའ་ཁྲི་ཡབ་སྲས་གཉིས་ཀྱི་དབུ་བླ་གཤེན་ནམ་མཁའ་སྣང་བ་མདོག་ཅན་གྱིས་མཛད་དོ། བོད་རྒྱལ་མུ་ཁྲིའི་བཙན་པོས་སྔགས་ཀྱི་སྒྲུབ་སྡེ་སུམ་བཅུ་རྩ་བདུན་ཕྱག་བཏབ། འདས་ཟིན་པའི་མི་ལོ་༢༩༧༩བོད་རྒྱལ་གསུམ་པ་དིང་ཁྲི་བཙན་པོའི་སྐབས་རྟག་གཟིགས་ཀྱི་མཁན་བརྒྱུད་རྫུ་འཕྲུལ་ཡེ་ཤེས་བོད་ལ་ཕེབས་ཏེ་འཕན་ཡུལ་རྒྱས་པ་འབུམ་གྱི་ཁོངས་འདུལ་བའི་བསྟན་པ་རྒྱ་ཆེར་དར། ཕམ་ཤི་དང་ཡ་གོང་གི་འདུལ་བརྒྱུད་བྱུང༌། མདོར་ན་སྲིབ་ཁྲི་བཙན་པོའི་བར་བླ་མ་ཆེ་དྲུག་གི་བོན་དར་རོ། ཕ་ཆེན་བླ་ན་མེད་པའི་བོན། མ་ཆེན་བླ་ན་མེད་པའི་བོན། ཐེག་པ་བླ་ན་མེད་པའི་བོན། སྤྱོད་པ་བླ་ན་མེད་པའི་བོན། འབྲས་བུ་བླ་ན་མེད་པའི་བོན་རྣམས་དར་བས། ཟག་བཅས་གདོས་ལུས་ཀྱི་ཕུང་པོ་ས་ལ་མ་བཞག་པར་འཇའ་ལུས་འཕོ་བ་ཆེན་པོའི་སྐུ་རུ་བརྙེས་པ་ལ་གནམ་གྱི་ཁྲི་བདུན་འོད་ཀྱི་དམུ་ཐག་བརྒྱུད་ནས་མཁའ་ལ་གཤེགས་ཞེས་གྲགས་པའོ། གྲི་གུམ་བཙན་པོའི་རིང་སྒོ་བཞི་མཛོད་ལྔའི་ཁོངས་ཆབ་ནག་སྲིད་པ་རྒྱུད་ཀྱི་བོན་ལྷ་བོན་སྒོ་བཞི་རྣམས་རྒྱལ་པོས་བདག་ཏུ་བཟུང་བ་ལ་བརྟེན་ནས་དབུས་སུ་དར་ཏེ་མ་ནུབ། དེ་མིན་འབྲས་བུའི་བོན་རྣམས་དབུས་སུ་ནུབ། སྲས་སྤུ་ལྡེ་གུང་རྒྱལ་གྱིས་སློབ་དཔོན་སྟོང་རྒྱུང་མཐུ་ཆེན་ལ་སོགས་གཤེན་པོ་བརྒྱ་ལྷག་ཙམ་ཀོང་ཡུལ་བྲེ་སྣར་གདན་དྲངས་ནས་གཤེན་གྱི་གྲི་འདུར་མཛད། དེ་ནས་ཞང་ཞུང་གི་ཡུལ་ནས་ཁྱུང་པོ་མུ་ཁྱུང་རྒྱན་དང་ལྷ་ཁྱུང་རྒྱན་སྐུ་མཆེད་གཉིས་གདན་དྲངས་ཏེ་བོད་ཡུལ་དུ་འཕན་ཡུལ་རྒྱས་པ་འབུམ་གྱི་བོན་ཏུ་གཏོགས་པའི་འབུམ་སྡེ་ལྔ་དང༌། ཁམས་ཆེན་ལ་སོགས་བོན་སྒོ་མང་པོ་གདན་དྲངས་ཏེ་བོད་ལ་དར་སྤེལ་མཛད་ནས་བོན་ཁྲིམས་སྲིད་པའི་མཐོ་ཆེན་བཙུགས་སོ། ཡབ་སྲས་དེ་གཉིས་ཀྱི་རིང་བསྟན་པ་ཅུང་ཟད་ལྡིང་བས་བར་གྱི་ལྡིང་གཉིས་གྲགས་སོ། ས་ལ་ལེགས་དྲུག་གི་རིང་གཡུང་དྲུང་གི་བོན་ནི། ཕ་རྒྱུད་ལུང་ཆེན། བྱང་སེམས་ཐེག་ཆེན། ཀུན་གསལ་བྱམས་ཆེན། བཤད་སྡེ་གཞུང་ཆེན། རྒྱས་ལྔ་འབུམ་ཆེན། རིག་པའི་གནས་ཆེན་ལྔ༌། ཐེག་པ་རིམ་དགུའི་བོན་དར་ཞིང་རྒྱས་ལ་རྒྱལ་པོ་རྣམས་ཀྱིས་ཀྱང་བོན་དེ་དག་ལ་ཐུགས་དམ་ཉམས་ལེན་མཛད་པའོ། རྒྱལ་པོ་དེ་དག་གི་སྐུ་སྤུར་ས་ལ་ལུས་ནས་བང་སོ་གཡའ་སྤང་མཚམས་སུ་བཏབ་པས་ས་ལ་ལེགས་དྲུག་གྲགས་སོ། ཆུ་ལ་ལྡེ་བརྒྱད་ཀྱི་རིང་གཡུང་དྲུང་བོན་ནི། འཕན་ཡུལ་རྒྱས་པ་འབུམ་གྱི་ཁོངས་སུ་གཏོགས་པའི་འབུམ་སྡེའི་གཞུང་རྣམས་དར་ཞིང་རྒྱས། རྒྱལ་པོ་དེ་དག་གི་རིང་བང་སོ་ཆུ་བོའི་གཞུང་ལ་བཏབ་པས་ཆུ་ལ་ལྡེ་བརྒྱད་གྲགས། བར་གྱི་བཙན་ལྔ་ཡི་རིང་གཡུང་དྲུང་བོན་གྱི་ཉི་མ་ཤར། མཁས་པ་ལོ་པཎ་གྱི་འོད་ཟེར་བཀྱེ། རྒྱལ་པོ་དེ་དག་གི་རིང་རྒྱལ་ཁྲིམས་བཙན་པོ་ཡོད་པས་བར་གྱི་བཙན་ལྔ་ཞེས་གྲགས་སོ། ཕུན་སུམ་ཚོགས་པའི་བོན་རྒྱལ་བཞི་ཡི་རིང༌། གཡུང་དྲུང་གི་བོན་ནི། རྒྱས་པ་འབུམ་ལྔ༌། འདུལ་བ་རྒྱུད་དྲུག མངོན་པ་སྡེ་བཞི། མཚན་ཉིད་སྡེ་ལྔ། དེ་དག་ལ་མཁས་པ་གྲངས་མེད་བྱུང་བས་ན་རྒྱལ་པོ་དེ་དག་ལ་རིག་པ་ཅན་གྱི་རྒྱལ་པོའམ་ཕུན་སུམ་ཚོགས་པའི་བོན་རྒྱལ་ཞེས་ཞུ་སྲོལ་ཡོད། རྒྱལ་པོ་དེ་བཞིའི་རིང་ལ་བོན་ལ་བཀུར་བསྟི་ཤིན་ཏུ་ཆེ་ཞིང་ཆབ་སྲིད་རྒྱས་པས་ཕུན་སུམ་ཚོགས་པའི་བོན་རྒྱལ་བཞི་ཡང་གྲགས་སོ། རྒྱལ་རབས་སུམ་ཅུ་སོ་གཉིས་དེ་དག་གི་རིང་གྲུབ་པ་ཐོབ་པའི་བོན་གཤེན་དགུ་དང༌། མཁས་པ་མི་དགུ། ལོ་པཎ་གཤེན་བརྒྱད། མཁས་པ་ཉི་ཤུ། མཐུ་བོ་ཆེ་མི་དགུ། བོན་ཆེན་བཞི་བཅུ་རྩ་གཉིས་ཏེ། རྒྱལ་གྱི་སྐུ་འཚོ་བའི་གཤེན་བཅུ། བློན་གྱི་གྲོས་འཚོ་བའི་གཤེན་བཅུ། རྒྱ་བོད་ཀྱི་མཐའ་སྲུང་བའི་སྟོད་ན་བཅུ། སུམ་པ་སྟོང་སྡེ་མན་ན་སྲུང་བའི་གཤེན་བཅུ། བཀྲ་ཤིས་གཡང་ལོན་ངོ་སྤྲོད་གཉིས་ཏེ་བཞི་བཅུ་རྩ་གཉིས་སོ། རྒྱལ་པོ་དེ་དག་གི་རིང་མངའ་རིས་བོན་གྱི་རྒྱལ་ཁམས་ཡིན་པའོ། རྒྱས་པར་གཟིགས་འདོད་ན་བསྟན་པའི་རྣམ་བཤད་དར་རྒྱས་གསལ་སྒྲོན་དང༌། བདེན་པ་བོན་གྱི་སྒྲ་འགྲེལ། གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས། སྲིད་པ་རྒྱུད་ཀྱི་ཁ་བྱང་ཆེན་མོ། བསྒྲགས་པ་རིན་ཆེན་གླིང་གྲགས། འབེལ་གཏམ་ལུང་གི་སྙིང་པོ། ལེགས་བཤད་རིན་པོ་ཆེའི་གཏེར་མཛོད་སོགས་ལ་ཞིབ་དཔྱོད་གནང་དགོས།
3བོན་གྱི་འཁོར་ལོ་ཚིག་བཞིའི་སྐོར།

སྟོན་པ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་དེ་ཉིད་ཀྱིས་མཛད་ཆེན་བཅུ་གཉིས་མཛད་པའི་ནང་ནས། མཛད་པ་བཅུ་གཅིག་པ་མཐར་ཕྱིན་དགའ་བ་དགེ་ལྡན་གྱི་མཛད་པའི་སྐབས་དང༌། བོན་འཁོར་རིམ་པ་གསུམ་གྱི་ནང་ནས་བོན་གྱི་འཁོར་ལོ་མཐའ་མ། གཤེན་གྱི་དགུང་གྲངས་དྲུག་ཅུ་རེ་གཅིག་ནས་བདུན་ཅུ་དོན་ལྔའི་བར་དེར་བོན་གྱི་འཁོར་ལོ་ཚིག་བཞི་ཞེས་བྱ་བ་འདི་ཉིད་གསུངས་པ་ཡིན།

བོན་གྱི་འཁོར་ལོ་ཚིག་བཞི་བྱ་བ་གང་ཞིག་ལ་ངོས་འཛིན་དགོས་པ་ཡིན།

དྲི་མ་མེད་གཟི་བརྗིད་རབ་ཏུ་འབར་བའི་མདོ་བོན་འཁོར་ཚིག་བཞི་བསྟན་པའི་མདོ་ལས། བོན་གྱི་འཁོར་ལོ་ཚིག་བཞི་ལས། དེ་ཡི་ངེས་ཚིག་དབྱེ་བ་ནི། འཆད་དང་རྩོད་དང་རྩོམ་པ་ཡི། སྒྲུབ་པར་བྱེད་པ་རྣམ་པ་བཞི། ཞེས་གསུངས་པ་ལྟར། འཆད་པ་བོན་གྱི་འཁོར་ལོ་དང༌། རྩོད་པ་བོན་གྱི་འཁོར་ལོ། རྩོམ་པ་བོན་གྱི་འཁོར་ལོ། སྒྲུབ་པ་བོན་གྱི་འཁོར་ལོ་དང་བཞི་ལ། བོན་འཁོར་ཚིག་བཞི་ཞེས་གསུངས་པ་ཡིན།

འཆད་པ་བོན་གྱི་འཁོར་ལོ།

འཆད་ཉན་ཞེས་པ་འདི་ནི་སངས་རྒྱས་ཀྱི་བསྟན་པའི་དངོས་གཞི་ཡིན། འདི་ཡོད་བསྟན་པ་ཡོད་པ་ཡིན། འདི་མེད་བསྟན་པ་མེད་པ་ཡིན། ཞེས་གསུངས། འཆད་ཉན་གྱི་རིམ་པ་གང་ཞིག་བྱས་ཀྱང་ཐོག་མར་སློབ་དཔོན་བཅུད་ལྡན་དང༌། སློབ་མ་སྣོད་ལྡན་དགོས་པ་གལ་ཆེ། དེ་ནས་འཆད་ཉན་གཉིས་ཀྱི་ནང་ནས་ཐོག་མར་ཉན་པ་པོའི་ཀུན་སློང་གི་བསམ་པ་ལ། རྒྱུད་དག་པར་བྱ་བ་བྱང་ཆུབ་སེམས་ཀྱི་ཀུན་སློང་དང༌། སྣང་བ་དག་པར་བྱ་བ་གསང་བ་སྔགས་ཀྱི་ཀུན་སློང་གཉིས་ངེས་པར་དགོས་པ་ཡིན། ཇི་སྐད་དུ། སྣང་བ་དག་ན་ཟབ་མོ་མཐོང༌། ཞེས་གསུངས་པ་ལྟར་རོ། ཀུན་སྤྱོད་ལ་སྤང་བྱའི་ཀུན་སྤྱོད་དང༌། བླང་བྱའི་ཀུན་སྤྱོད་གཉིས། སྤང་བྱའི་ཀུན་སྤྱོད་ལ་སྣོད་ཀྱི་སྐྱོན་གསུམ། སྣོད་ཁ་སྦུབས་ལྟ་བུ་ནི། ཉན་པ་པོ་རང་གི་རྣ་བའི་རྣམ་པར་ཤཻས་པ་གཞན་དུ་མ་ཡེངས་པར་བོན་འཆད་པའི་ཚིག་དེ་ལ་གཏད་དེ་ཉན་དགོས། དེ་ལྟར་མ་ཡིན་ན། སྣོད་ཁ་སྦུབ་པའི་སྟེང་དུ་བཅུད་ཅི་ཙམ་བླུགས་ཀྱང་ནང་དུ་ཐིགས་པ་ཙམ་ཡང་མི་འགྲོ་བ་བཞིན་དུ། ལུས་བླ་མའི་སྤྱན་སྔ་ན་བོན་ཉན་པའི་ཚུལ་དུ་ཡོད་ཀྱང༌། བོན་ཚིག་གཅིག་རང་གིས་མ་ཐོས་ན། ཁྱི་རྒན་བོན་བཤད་གྲལ་དུ་འདུག་པ་དང་ཁྱད་མེད། སྣོད་ཞབས་བརྡོལ་ལྟ་བུ་ནི། གལ་ཏེ་བོན་དུམ་རེ་ཐོས་ནའང་དེ་གོ་ལོར་ཐོ་ལོར་བཞག་ན། སྣོད་ཞབས་མེད་པའི་ནང་དུ་བཅུད་ཅི་ཙམ་བླུགས་ཀྱང་ཐིགས་པ་ཙམ་ཡང་མི་ཆགས་པ་བཞིན་དུ། བོན་ཇི་ཙམ་བཤད་ཀྱང་ཚིག་གཅིག་རང་གི་ཡིད་ཡུལ་དུ་མ་ཟིན་ན། བོན་ཐོས་པའི་ཕན་ཡོན་འདྲ་ཡོད་སྲིད་ཀྱང༌། དོན་དུ་མ་ཐོས་པ་དང་འདྲ། སྣོད་དུག་ཅན་ལྟ་བུ་ནི། དེ་ལྟར་བོན་བཤད་པའི་ཚིག་དེ་རྣ་བས་ཐོས། ཐོས་པ་དེ་ཡིད་ལ་ཟིན་ན་ཡང༌། དེ་རང་མཐོ་འདོད་གྲགས་འདོད་སོགས་ཀྱི་ཀུན་སློང་ངན་པའམ། ཆགས་སྡང་རྨོངས་གསུམ་སོགས་དུག་ལྔའི་རྟོག་པ་དང་འདྲེས་ན། སྣོད་དུག་ཅན་ནང་དུ་བཅུད་བཟའ་བཏུང་གི་རིགས་བླུགས་པ་དང་འདྲ། དོན་དུ་མི་གཉེར་བའི་སྐྱོན་དགུ་ནི། བོན་ལ་མ་དད་པ་དང༌། སློབ་དཔོན་ལ་མ་གུས་པ། བསླབ་པའི་དམ་བཅའ་མེད་པ། གལ་མི་ཆེ་བ། ངོ་སྲུང་བ། ཕྱི་རུ་འཕྲོ་བ། ནང་དུ་གཡེང་བ། སྐྱོ་བས་ཉན་པ་བཅས་ཡིན། དོན་དང་མི་ལྡན་པའི་བློ་གསུམ་ནི། དང་པོ་འཛིན་པའི་བློ་དང་མི་ལྡན་ན། བྲག་ངོས་ལ་སྲན་མ་གཏོར་བ་དང་འདྲ། བར་དུ་བརྟག་པའི་བློ་དང་མ་ལྡན་ན། མི་ལོང་བའི་ལག་ཏུ་རྫས་ཁྲ་བོ་གཏད་པ་དང་འདྲ། ཐ་མ་རྟོགས་པའི་བློ་དང་མ་ལྡན་ན། གཅོལ་མེད་པས་འཇའ་ཚོན་དེད་པ་དང་འདྲའོ། བླང་བྱའི་ཀུན་སྤྱོད་ནི། དང་པོ་འཛིན་པའི་བློ་དང་ལྡན་ན། གར་སྤྱིན་གྱི་རླན་དང་འདྲ། བར་དུ་བརྟགས་པའི་བློ་དང་ལྡན་ན། ས་རྡོའི་ནང་ནས་རིན་པོ་ཆེ་འཚོལ་བ་དང་འདྲ། ཐ་མ་རྟོགས་པའི་བློ་དང་ལྡན་ན། རིན་པོ་ཆེའི་ནང་ནས་གསེར་རྙེད་པ་དང་འདྲའོ། འཆད་པ་པོས་ཀྱང་ཚ་བ་གསུམ་དང་ལྡན་པའི་སྒོ་ནས་སློབ་མ་ལ་བོན་འཆད་དགོས། དང་ཐོག་ཐུགས་ཚ་བ་ཞིག་དགོས། དཔོན་གསས་བྱང་ཆུབ་སེམས་དང་ལྡན་པས། སློབ་བུས་ལན་གྲངས་ཇི་ཙམ་དྲིས་ཀྱང་སྐྱོ་བསུན་མི་བྱེད་པ་ཞིག་དགོས། གཉིས་པ་གདམས་ངག་ཚ་བ་ཞིག་དགོས། སྐབས་བབས་འཆད་བྱ་གང་ཡིན་རྣམས་སློབ་མའི་རྒྱུད་ཐོག་ཏུ་འཇག་ནུས་པ་ཞིག་དགོས། གསུམ་པ་སློབ་དཔོན་རང་ཉིད་ཞལ་ཚ་བ་ཞིག་དགོས་པ་གལ་ཆེ་ཡིན། དེ་མེད་ན་སློབ་མ་སྙོམས་ལས་སུ་འགྲོ་བའི་ཉེན་ཁ་ཡོད་དོ། སྤྱིར་འཆད་པ་པོའི་ངོ་བོ་ལ་མདོ་སྔགས་སེམས་གསུམ་སོགས་ཐེག་སྒོ་སོ་སོ་ལ་ལྟོས་པའི་ཡོན་ཏན་གྱི་བཤད་ཚུལ་དུ་མ་ཞིག་ཡོད་ཀྱང༌། སྤྱིར་འཆད་པ་པོའི་སློབ་དཔོན་གྱི་མཚན་ཉིད་ནི། འཆད་བྱེད་ཀྱི་ཡོན་ཏན་གསུམ་དང་ལྡན་པའི་སྒོ་ནས་བཀུར་བར་འོས་པའི་གང་ཟག་ཞིག་དགོས། སྦྱངས་པའི་ཤེས་རབ་ཆེ་བ། ཀུན་སློང་གི་བསམ་པ་དག་པ། གཞན་རྒྱུད་འདུལ་བའི་ཐབས་ལ་མཁས་པ་དང་གསུམ་དགོས། ཉན་པ་པོའི་སློབ་བུའི་ངོ་བོ་ནི། ཉན་པར་འོས་པའི་ཡོན་ཏན་གསུམ་དང་ལྡན་པ་ལྡན་པའི་སྐྱེས་བུ་ཞིག་དགོས། དགེ་བའི་ལས་ལ་ཞུམ་པ་མེད་ཅིང་རྩེ་གཅིག་མི་ཡེངས་པའི་སྟོབས་དང་ལྡན་པ། ལེགས་བཤད་དང་ཉེས་བཤད་ཀྱི་བླང་དོར་ཕྱེད་པའི་བློ་གྲོས་གསལ་བ་དང༌། ཐོས་བསམ་ཙམ་གྱིས་མི་ངོམ་ཞིང༌། དེ་དག་ལ་དོན་གཉེར་ཆེ་བའི་དད་པ་དང་ལྡན་པའོ། བོན་འཁོར་བསྟན་པའི་མདོ་ལས། བློ་བརྟན་ཡིད་གནས་རང་བཞིན་ཆེ། རྩེ་གཅིག་མི་ཡེངས་དད་ལྡན་གུས། ཉན་པ་ཀུན་གྱིས་མཆོག་ཏུ་བཤད། ཅེས་གསུངས་པ་ལྟར་རོ། འཆད་ཉན་གྱི་དགོས་པ་ནི། རྟེན་ཁྱད་པར་ཅན་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ཐོབ། མཇལ་བར་དཀའ་བ་བླ་མ་དགེ་བའི་བཤེས་གཉེན་རྣམས་དང་མཇལ། འཕྲད་པར་དཀའ་བ་གཡུང་དྲང་གི་བོན་དང་དམ་པའི་ཆོས་རིན་པོ་ཆེ་དང་འཕྲད། དཔོན་གསས་བཅུད་ལྡན་ལས་འཆད་ཉན་ཚུལ་བཞིན་བྱས། དེ་ལ་བརྟེན་ནས་རང་རྒྱུད་ལ་བླང་དོར་གྱི་གནད་ལ་མ་རྨོངས་པའི་གོ་རྟོགས་སྐྱེས། དེ་ལ་བརྟེན་ནས་སྒོ་གསུམ་ཉམས་ལེན་གྱི་སྒྲུབ་པ་ཚུལ་བཞིན་བསྐྱངས། དེ་ལ་བརྟེན་ནས་ཐར་པ་བྱང་ཆུབ་ཀྱི་གོ་འཕང་མངོན་དུ་བྱེད་ནུས་པ་ཡིན། དེ་ལྟ་བུའི་སྐལ་པ་དང་མ་ལྡན་ན་དམྱལ་བ་ཡི་དྭགས་བྱོལ་སོང་དང༌། སྡུག་བསྔལ་སེམས་ཅན་ལུས་བླངས་ཚེ། འཆད་ཉན་མེད་པས་གོ་བ་མེད། གོ་བ་མེད་པས་བསྒྲུབ་པ་མེད། བསྒྲུབ་པ་མེད་པས་བྱང་ཆུབ་ཐོབ་པ་མི་སྲིད་དོ། འཆད་པས་སེམས་ཅན་བློ་ཡིས་ཤེས་རྒྱུད་བཀྲོལ། འཆད་པས་མི་ནུབ་བསྟན་པའི་རྒྱལ་མཚན་འཛུགས། ཞེས་གསུངས་པས། འཆད་ཉན་བྱེད་པ་ལ་དགོས་པ་ཁྱད་པར་ཅན་དེ་ལྟ་བུ་ཡོད་པ་ཡིན་ནོ།

རྩོད་པ་བོན་གྱི་འཁོར་ལོ།

རྩོད་པའི་རྒྱ་མཚོ་གཏིང་ཟབ་བརྒལ་མིན་ན། འཆད་པ་རིན་ཆེན་གླིང་དུ་མི་ཕྱིན་པས། རྩོམ་པ་ནོར་བུའི་མཛོད་ལ་སྤྱོད་བྱ་ཅི། དེ་ཕྱིར་ཀུན་གྱིས་ཚུལ་འདིར་འཇུག་པར་རིགས། ཞེས་གསུངས་པ་ལྟར། རྩོམ་པའི་དངོས་རྒྱུ་ལ་འཆད་པ་དང༌། འཆད་པའི་དངོས་རྒྱུ་ལ་རྩོད་པ་རྣམ་པར་དག་པ་ཞིག་དགོས་པ་བསྟན་པ་ཡིན། རྩོད་པ་ཁྱད་པར་ཅན་གྱིས་མ་ཟིན་པའི་གང་ཟག་ལ་ཡང་དག་པའི་དོན་སྤྱི་ཤར་བ་དཀའ་སྟེ། དཔེར་ན་ལོང་བ་ལྷ་ཁང་དུ་ཕྱིན་པའི་ལག་ཏུ་རྫ་ཕྲ་བོ་གཏད་པ་བཞིན་ནོ། ཞེས་གསུངས། སྐབས་འདིར་རྩོད་པ་ཞེས་པ་འདི་ཁ་སྣའི་རྩོད་པ་དང་འཇིག་རྟེན་གྱི་ཆེ་འཆོས་སྒྲུབ་ཐབས་དང་ཁྲིམས་རྩོད་ལྟ་བུ་མ་ཡིན། འདིར་བསྟན་གྱི་རྩོད་པ་ཞེས་པ་འདི། སངས་རྒྱས་ཀྱི་བསྟན་པ་ལ་བྱི་དོར་དང༌། རང་རྒྱུད་ཀྱི་ལོག་རྟོག་དང་ཐེ་ཚོམ་ཀྱི་རིགས་རྣམས་དྲུང་ནས་འབྱིན་བྱེད་ཞིག་ཡིན། རྩོད་པ་བྱེད་ཚུལ་ལ་ཡང་སྐྱོན་སྤང་བ་དང་དང་དུ་བླངས་དགོས་པ་དང་གཉིས་ཡོད། དང་པོ་ནི། རང་ཉིད་རྒྱལ་བར་འདོད་པའི་ང་རྒྱལ་དང༌། གཞན་རྣམས་ཕམ་པར་འདོད་པའི་ཞེ་སྡང་དང༌། རང་གཞན་གྲུབ་མཐའི་དོན་ལ་རྨོངས་པའི་གཏི་མུག་དེ་རྩོད་པའི་བསམ་པ་དུག་ཅན་གསུམ་དང༌། དེ་ལ་བརྟེན་ནས་ཕྱིའི་ཚུལ་ལའང༌། བཞིན་གྱི་མདོག་འགྱུར་བ་མཚལ་རྐོང་ཁ་ཕྱེ་བ་ལྟ་བུ་དང༌། ཧམ་ཁྱེར་དང་ཚིག་ངན་སྣ་ཚོགས་བརྗོད་པ་དགྲ་བོ་ཉེ་བར་བཏུལ་བ་ལྟ་བུ་དང༌། གནད་དོན་མ་འཁྲོལ་བར་དོན་མེད་ཀྱི་ཨུ་ཚུགས་དང༌། འཁྱལ་གཏམ་བརྗོད་པ། བ་གླང་རྫི་བོའི་བརྡོལ་ཚིག་ལྟ་བུ་སྟེ། ཕྱིའི་སྐྱོན་གསུམ་བཅས་ངེས་པར་སྤང་དགོས་པའོ། དེ་ཡང་བླ་ཆེན་དྲན་པས་མཛད་པའི་ཚད་མ་གལ་མདོ་གེས་པའི་གཏན་ཚིགས་ལས། རྩོད་ངན་སྡང་བས་ཕ་རོལ་སྨོད། རང་རྒྱལ་འདོད་ལ་ཆགས་ཞེན་ཅིང༌། བག་མེད་གཟུ་ལུམ་འགལ་བར་སྨྲ། ཞེས་གསུངས་སོ། གཉིས་པ་རྩོད་པ་ཚད་ལྡན་བྱེད་པའི་ཚེ། ཞལ་གྱི་དཀྱིལ་འཁོར་ལ་འཛུམ་ཞིང་གཟི་མདངས་དང་ལྡན་པ་དང༌། ངག་འཇམ་ལ་ཚིག་བརྟན་ཞིང་དྲང་ལ་བརྗིད་དང་ལྡན་པ་དང༌། བགེགས་ལས་རྣམ་པར་རྒྱལ་བའི་ཚུལ་ལྟ་བུ་ལུས་ཀྱི་ལུས་ཀྱི་རྣམ་འགྱུར་གྱིས་གཞན་དག་དྭངས་བ་འདྲེན་པ་སྟེ་ཕྱི་ཚུལ་དེ་གསུམ་དང་མ་འབྲལ་བའི་ངང་ནས་ནང་གི་སེམས་བསྐྱེད་ལ་ཡང༌། རང་ཉིད་ཀྱི་རྟོགས་པ་གོང་ནས་གོང་འཕེལ་དུ་འདོད་པའི་ཤེས་རབ་དང༌། གཞན་རྒྱུད་ཀྱི་མ་རྟོགས་ལོག་རྟོག་ཐེ་ཚོམ་གྱི་དྲི་མ་རྣམས་བསལ་བར་འདོད་པའི་སྙིང་རྗེ་དང༌། དགག་སྒྲུབ་རྣམ་པར་དག་པས་སངས་རྒྱས་ཀྱི་བསྟན་པ་ལ་ཕན་པར་བསམ་པའི་འདུན་པ་དང་གསུམ་གྱིས་སྒོ་ནས་རྩོད་པ་བྱེད་དགོས། དེ་ཉིད་ལས། ཐེ་ཚོམ་གེགས་སེལ་ཞུ་ལ་བརྩོན། རྩོད་པས་ལོག་རྟོག་འཇོམས་པར་བྱེད། རྩོད་དུས་ངག་འཇམ་གཟི་མདངས་ལྡན། རང་དབང་མངོན་འགྱུར་གཞན་དབང་བཀྲོལ། དེ་ཉིད་སྨྲ་བའི་སེང་གེ་སྟེ། ཞེས་སོགས་རྒྱ་ཆེར་གསུངས་པའི་ཕྱིར། རྩོད་པ་བྱས་པའི་དགོས་པའམ་འབྲས་བུ་ནི། རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་འཐོབ་པར་བྱེད་པ་ཡིན་ཏེ། སངས་རྒྱས་ཐོབ་པ་ལ་བྱང་ཆུབ་བསྒྲུབ་པའི་གནད་དོན་ཕྱི་ཅི་མ་ལོག་པ་ཤེས་དགོས་ཤིང༌། དེ་ཡང་མདོར་བསྡུས་ན། ལྟ་སྤྱོད་རྣམ་པར་དག་པ་ལ་འཇུག་ཅིང༌། དེ་དོན་མ་ནོར་བར་ཉམས་སུ་ལེན་པ་ཡིན་ཞིང༌། དེ་ཉིད་དགག་སྒྲུབ་རྣམ་པར་དག་པའི་རྩོད་པ་ཁྱད་པར་ཅན་ལས་འབྱུང་དགོས་པའི་ཕྱིར་ཏེ། དཔེར་ན་བརྟགས་དཔྱད་བསྲེག་གསུམ་བྱས་པའི་གསེར་བཙོ་མ་བཞིན་ནོ། རྩོད་པས་མཚན་མ་ཚིག་གི་སྒྲོ་འདོགས་ཆོད། རྩོད་པས་བསྟན་པའི་རུ་དར་མཁའ་ལ་ཕྱར། ཞེས་གསུངས་སོ།

རྩོམ་པ་བོན་གྱི་འཁོར་ལོ།

ཐོས་པའི་སྒྲོ་འདོགས་ཆོད་པ་སྟེ། བསམ་པ་ཤེས་རབ་ཕུལ་ཕྱིན་པས། བསླབ་པ་བོན་གྱི་རྒྱ་མཚོ་ལ། རྩོད་པ་དུག་ལས་རྩི་འབྱེད་ཅིང༌། དེ་ཉིད་ངེས་པར་མཐར་ཕྱིན་པས། དྭངས་ལ་རྙོགས་མེད་གསོས་ཀྱི་ཆུ། དེ་ལ་བྱང་ཆུབ་སེམས་ལྡན་གྱིས། འགྲོ་བ་ཚ་གདུང་བསལ་བའི་ཕྱིར། རྩོམ་པ་ཤེས་རབ་སྐྱོག་གིས་བཅུས། ཞེས་གསུངས་པ་ལྟར། ཐོས་བསམ་ཀྱིས་སྒྲོ་འདོགས་ཆོད་ཟིན་པའི་སྐྱེས་བུས། སངས་རྒྱས་ཀྱི་བསྟན་པ་འདི་ཉིད་ཡུན་རིང་པོར་གནས་པར་བྱ་བ་དང༌། ཕྱི་རབས་རྗེས་འཇུག་རྣམས་ཀྱི་ལམ་གྱི་འཇུག་སྒོ་དང༌། བསྟན་པའི་སྒྲོན་མེ་ཡོངས་ལ་འདེགས་པའི་ཕྱིར་དུ་སྤེལ་བའི་རྩོམ་པ་པོ་ཚད་ལྡན་གྱིས་སྦྱར་བའི་བསྟན་པའི་གསལ་བྱེད་དུ་གྱུར་པའི་རྩོམ་ཞིག་ལ་ངོས་འཛིན་པ་ཡིན། རྩོད་པ་པོ་ཚད་ལྡན་ཞེས་པ་བསྟན་པའི་གསལ་བྱེད་དུ་རྩིས་འགོ་རྣམ་པ་ལྔའམ་བདུན་གྱིས་སྟེང་ནས་སྤེལ་བའམ། ཡང་ན་སྔོན་འགྲོ་གདམས་པའི་སྣོད་རུང་སྒྲུབ་བྱེད་ཀྱི་མཆོད་བརྗོད་དང་བཤད་དམ་བསླབ་པ་ཡོངས་སུ་བསྐུལ་བའི་རིམ་པ་གསུམ་དང་ལྡན་པ། དངོས་གཞི་རང་རྒྱུད་ཁྲོལ་བར་བྱེད་པའི་གཞུང་དོན་གྱི་གོ་རིམ་མ་ལོག་པ། རྗེས་བྱ་ལེགས་བྱས་ཀྱི་དགེ་ཚོགས་གོང་འཕེལ་གྱི་བསྔོ་སྨོན་དང༌། ཉེས་བྱས་བཤགས་པའི་རིམ་པ་བཅས་དང་ལྡན་པའི་རྩོམ་པ་པོ་ཞིག་ལ་ཞུ་བ་ཡིན། རྩོམ་པའི་སྔོན་འགྲོ་ལ་འཆད་པ་དང༌། འཆད་པའི་སྔོན་འགྲོ་ལ་རྩོད་པ་དགོས་པ་ཡིན། རྩོམ་པའི་དགོས་པ་ནི། རྩོམ་པས་གང་ཞིག་འཇུག་པའི་ལམ་སྒོ་དབྱེ། བརྩམས་པས་བསྟན་པའི་སྒྲོན་མེ་ཡོངས་ལ་འདེགས། ཞེས་གསུངས་སོ། གོང་དུ་བཤད་པའི་འཆད་པ་དང་རྩོད་པ་དང་རྩོམ་པ་གསུམ་ནི་གཙོ་བོར་གཞན་དོན་དུ་བསྟན་པ་ཡིན།

སྒྲུབ་པ་བོན་གྱི་འཁོར་ལོ།

སྒྲུབ་པ་བོན་གྱི་འཁོར་ལོ་ཞེས་བྱ་བ་འདི་གཙོ་བོ་བདག་དོན་ཉམས་ལེན་གྱི་རིམ་པ་དང་སྦྱར་ནས་སྟོན་པ་སངས་རྒྱས་ཀྱིས། ལྟ་བ་ནི་ཡས་ཕུབས་ཤིག སྤྱོད་པ་ནི་མས་འཛེགས་ཤིག གཞི་སྙིང་རྗེ་ཆེན་པོ་ལ་ལོངས་ཤིག ཐབས་ཕ་རོལ་དུ་ཕྱིན་པ་བཅུ་ལ་སྤྱོད་ཅིག་ཅེས་ཐེག་ཆེན་གྱི་ཆེད་དུ་བྱ་བའི་གདུལ་བྱ་རྣམས་ལ་དུས་ནས་དུས་སུ་བསྔགས་པར་མཛད་པའི་ཞལ་གདམས་དེ་དག་ལ་སྤྱོད་པ་བོན་གྱི་འཁོར་ལོ་ཞུས་པ་ཡིན། དེ་ལ་ནང་གསེས་བཞི་ཡོད། ལྟ་བ་ཡས་ཕུབ་ཅེས་པ་ལྟ་བ་མཐོ་ས་ནས་གཞི་བཟུང་དགོས་པ་བསྟན་པ་ཡིན། དེ་ཡང་གཡུང་དྲུང་བོན་གྱི་ལུགས་སུ་ལྟ་བའི་ཡང་རྩེ་བློ་འདས་བླ་མེད་རྫོགས་པ་ཆེན་པོའི་ལྟ་བ་ཡིན་པས། ལྟ་བའི་གཞི་དེ་བཟུང་དགོས་པར་བསྟན་པ་ཡིན། ལས་སྤྱོད་གང་ཡང་ཤེས་རབ་ཆེན་པོ་འདི་ཡིས་ཟིན་ན་དགེ་བ་བླ་ན་མེད་པ་ཐེག་ཆེན་གྱི་ལམ་དུ་འགྱུར་བ་ཡིན་པས། ཁོག་འདི་ཡིས་དབུབ་དགོས་པར་གསུངས་པ་ཡིན། སྤྱོད་པ་མས་འཛེགས་ཤིག་ཅེས་པ་ལྟ་བ་ཇི་ཙམ་མཐོ་ཡང་ལས་འབྲས་ཀྱི་བླང་དོར་ལ་ཞིབ་ཏུ་བརྟགས་ཤིང་སྐྱབས་འགྲོ་དང་སེམས་བསྐྱེད་ལས་འབྲས་རྣམས་བཞག་ཕྲ་ཞིང་ཕྲ་བ་ནས་བསྲུང་དགོས་པར་བསྟན་པ་ཡིན། ལུས་ངག་ཡིད་གསུམ་གྱིས་བསྡུས་པའི་མི་དགེ་བའི་ལས་རྣམས་སྡོམ་དགོས་པར་བསྟན་པ་ཡིན་ནོ། གཞི་སྙིང་རྗེ་ཆེན་པོ་ལ་ལོངས་ཤིག་ཅེས་པ་ཐེག་ཆེན་ལམ་གྱི་ལམ་གྱི་འཇུག་སྒོ་མ་ནོར་བ་སྙིང་རྗེ་ཆེན་པོ་ཡིན་པས། རྒྱུ་འབྲས་མན་ངག་བདུན་གྱི་རིམ་པ་ལ་བློ་སྦྱོང་དང་འབྲེལ། གདུལ་བྱ་ཡལ་བར་མི་དོར་བའི་སེམས་བསྐྱེད་ཀྱི་དམ་བཅའ་བརྟན་པོ་བཟུང་དགོས་པ་བསྟན་པ་ཡིན། གཞན་ཡང་སྙིང་རྗེ་ཆེན་པོ་ཐེག་པ་ཆེན་པོའི་བོན་ཀུན་གྱི་གཞི་ཡིན་པས་རྒྱུན་དུ་མི་འབྲལ་བར་བྱ་དགོས་པ་བསྟན་པ་ཡིན། དོན་གཉིས་ཆེ་ན་ཐེག་པ་ཆེ། དོན་གཉིས་ཆུང་ན་ཐེག་པ་ཆུང་ཞེས་གསུངས་པ་ལྟར་རོ། སེམས་ཅན་རྣམས་སྡུག་བསྔལ་དང་བྲལ་བར་འདོད་པའི་སྙིང་རྗེ་ཚད་མེད་པ་དང༌། དེ་དག་བདེ་བ་དང་ལྡན་འདོད་ཀྱི་བྱམས་པ་ཚད་མེད་པ་བྱ་མ་སར་གྱི་སྒོ་ང་རུམ་པ་ལྟ་བུ་གཅིག་དགོས་ཏེ། དཔེར་ན་བྱ་མ་གསར་གྱི་སྒོ་ང་རུམ་པའི་ཚེ། གཤོག་པས་བཀབ་པ་དང་ཤ་དྲོད་ལ་བཅར་བ་སོགས་སྤྱོད་ལམ་ཐམས་ཅད་འཇམ་པོའི་ངོས་ནས་རུམ་པ་དང་འདྲ་བར། རང་གིས་ལུས་ཀྱི་བྱ་བྱེད། ངག་གི་སྨྲ་བརྗོད། ཡིད་ཀྱི་བསམ་དྲན་རྣམས་སེམས་ཅན་ཐམས་ཅད་ལ་མི་གནོད་ཅིང་ཕན་པའི་ཐབས་ལ་བསླབ་པ་ཞིག་གོ། སེམས་ཅན་ཐམས་ཅད་སྡུག་བསྔལ་མེད་པའི་བདེ་བ་དང་རྒྱུན་དུ་མི་འབྲལ་བར་འདོད་པའི་དགའ་བ་མ་བུ་གཅིག་པོའི་མ་དེའི་རང་གི་བུ་གཅིག་པོ་སྟོར་ན་མི་བཟོད་པའི་སྡུག་བསྔལ་ཆེ་ཞིང༌། གལ་ཏེ་རྙེད་པར་གྱུར་ན་དེ་ལ་བསམ་གྱིས་མི་ཁྱབ་པའི་དགའ་བ་སྐྱེ་བ་དང་འདྲ་བ། སེམས་ཅན་ཐམས་ཅད་སྡུག་བསྔལ་ག྄གྱིས་གདུང་བས་མི་བཟོད་པའི་སྙིང་རྗེ་བ་ལ། གལ་ཏེ་སྡུག་བསྔལ་དེ་དག་ལས་གྲོལ་ནས་བདག་རེ་དགའོ་སྙམས་དུ་བསམ་པ་དེའོ། སེམས་ཅན་ཐམས་ཅད་བདེ་སྡུག་གཉིས་དང་བྲལ་བའི་བཏང་སྙོམས་ཚད་མེད་པ་སེམས་གནས་པར་བྱ་ཞེས་པ་གདུལ་བྱའི་ཞིང་ལ་ཕྱོགས་རིས་མེད་པའི་བརྡའོ། ཐབས་ཕ་རོལ་དུ་ཕྱིན་པ་བཅུ་ལ་སྤྱོད་ཅིག་ཅེས་པ་སྙིང་རྗེའི་ཀུན་ནས་སློང་བ་ཙམ་གྱིས་མ་ཡིན་པར་ཕ་རོལ་ཕྱིན་པ་བཅུ་ཡི་སྤྱོད་པ་ལ་དངོས་སུ་སྤྱོད་ཅིང་སེམས་ཅན་གྱི་དོན་མཛད་དགོས་པ་དེ་བསྟན་པ་ཡིན་ནོ། སེར་སྣ་མེད་པའི་སྦྱིན་པ་གཏོང་བར་གྱུར་ཅིག ཀུན་འབྱུང་མེད་པའི་ཚུལ་ཁྲིམས་བསྲུང་བར་གྱུར་ཅིག བྱུང་ཚོར་མེད་པའི་བཟོད་པ་བསྒོམ་པར་གྱུར་ཅིག ལེ་ལོ་མེད་པའི་བརྩོན་འགྲུས་བརྩམས་པར་གྱུར་ཅིག གཡོ་རྩོལ་མེད་པའི་བསམ་གཏན་བསྒོམ་པར་གྱུར་ཅིག ཞུམ་པ་མེད་པའི་སྟོབས་མཆོག་བསྐྱེད་པར་གྱུར་ཅིག གདུག་སེམས་མེད་པའི་སྙིང་རྗེ་བསྐྱེད་པར་གྱུར་ཅིག རེ་དྭོགས་མེད་པའི་སྨོན་ལམ་བཏབ་པར་གྱུར་ཅིག ཕྱིན་ལོག་མེད་པའི་ཐབས་ལ་སྤྱོད་པར་གྱུར་ཅིག འཁྲུལ་པ་མེད་པའི་ཤེས་རབ་བསྐྱེད་པར་གྱུར་ཅིག ཅེས་པ་ལྟ་བུའོ། བོན་གྱི་སྦྱིན་པ་གཞན་ལ་དབང་བསྐུར་བ། ལུང་འབོགས་པ། བོན་བཤད་པ་སོགས་གཞན་རྒྱུད་དགེ་བ་ལ་སྦྱོར་བའི་ཐབས་བྱེད་པ་དེ་ཡིན། སྐྱབས་ཀྱི་སྦྱིན་པ་ན་ཚ་དང་བཀྲེས་སྐོམ་ལ་སོག་སཔ་སྡུག་བསྔལ་གྱིས་གདུངས་པའི་སེམས་ཅན་རྣམས་ཀྱི་སྐྱབས་བྱེད་པ་དང༌། ཁྱད་པར་དུ་རྒྱལ་པོའི་བཙོན་བུ་དང༌། བཤས་ལུག་སོགས་གསོད་སར་ཁྲིད་པ་རྣམས་མཚོན་ཁ་ནས་སྲོག་བསླུ་བ་དང༌། དེ་བཞིན་རི་དྭགས་དང༌། བྱ་བྱིའུ་ལ་སོགས་ཐ་ན་འབུ་སྦྲང་ཡན་ཆད་འཆི་བར་ཉེ་བའི་སེམས་ཅན་རྣམས་ཀྱི་སྲོག་སྐྱབས་པ་ལ་དངོས་སུ་བརྩོན་པ་དེ་ཡིན། ཟང་ཟིང་གི་སྦྱིན་པ་ལ་གསུམ། ཟང་ཟིང་གི་སྦྱིན་པ་གཏོང་བ་ཙམ་ནི། ཟས་ཁམ་གཅིག་ནས་ཕོར་གང་ཡན་ཆད་རྒྱུ་རྫས་གཞན་ལ་སྦྱིན་པ་རྣམས་ཡིན། སྦྱིན་པ་ཡོངས་སུ་གཏོང་བ་རང་ལ་གང་གཅེས་པ་དང་དམར་བ། བུ་དང་བུ་མོ་རྟ་དང་གླང་པོ་སོགས་ནོར་རིན་ཐང་ཆེ་བ་ཐམས་ཅད་གཞན་ལ་སྦྱིན་པ་དེ་ཡིན། རབ་ཏུ་གཏོང་བ་ཆེན་པོ་ནི་རང་གི་ལུས་སྲོག་དང་མགོ་ཡན་ལག་ལ་སོགས་པ་གཞན་ལ་སྦྱིན་པ་གཏོང་བ་དེའོ། ཚུལ་ཁྲིམས་ལ་གསུམ་ཡོད། དགེ་བ་དང་ལེན་གྱི་ཚུལ་ཁྲིམས་ནི་ལུས་ངག་ཡིད་གསུམ་གང་གི་སྒོ་ནས་ཀྱང༌། དགེ་བའི་རྩ་བ་ཆ་ཕྲ་མོ་རེ་ཡན་ཆད་དང་དུ་བླངས་ཤིང་དུས་དང་རྣམ་པ་ཐམས་ཅད་དུ་དགེ་བ་ལ་བརྩོན་པ་དེ་ཡིན། མི་དགེ་བ་སྤང་བའི་ཚུལ་ཁྲིམས་ནི་གཞན་དོན་དུ་མི་འགྱུར་བའི་མི་དགེ་བ་བཅུ་པོ་སོགས་སྡིག་པའི་ཕྱོགས་ཐམས་ཅད་དུག་བཞིན་སྤངས་པ་དེ་ཡིན། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ནི། བསྡུ་བའི་དངོས་པོ་བཞི་ཡི་སྒོ་ནས་སེམས་ཅན་གྱི་དོན་བྱེད་པ་དེ་དག་གོ བཟོད་པ་ལ་གསུམ་ཡོད། སྡུག་བསྔལ་དང་དུ་ལེན་པ

འི་བཟོད་པ་ནི་ལུས་ཀྱི་སྒོ་ནས་ཚ་གྲང་ཐུབ་པ་དང་གཅིག ངག་གི་སྒོ་ནས་བཀྲེས་སྐོམ་ཐུབ་པའི་དཀའ་ཐུབ་དང་གཅིག་དགོས། སེམས་ཀྱི་སྒོ་ནས་སྡུག་བསྔལ་ཐུབ་པའི་དཀའ་ཐུབ་གཅིག་དགོས་སོ། བརྩོན་འགྲུས་ལ་གསུམ་ཡོད། གོ་ཆའི་བརྩོན་འགྲུས་ནི་སྔོན་གྱི་དམ་པ་གོང་མ་རྣམས་དང༌། སངས་རྒྱས་དང་གཡུང་དྲུང་སེམས་དཔའ་རྣམས་ཀྱིས་ལམ་ལ་དཀའ་སྤྱད་དང་སྙིང་རུས་མཛད་ཚུལ་རྣམ་ཐར་དང༌། ལོ་རྒྱུས་ཇི་དང་ཇི་ལྟ་བུ་ཞིག་ཐོས་ཀྱང་ཁོང་རྣམས་སངས་རྒྱས་དང་གཡུང་དྲུང་སེམས་དཔའ་ཡིན། ངས་དེ་ལྟར་མི་ནུས་སྙམ་དུ་སྒྱིད་མི་ལུག་པར་ཁོང་རྣམ་པས་དེ་ལྟར་མཛད་པས་གྲུབ་པ་ཐོབ་པར་འདུག ང་ཡང་དེ་ལས་ལྷག་པ་ཞིག་མ་ཐོན་ཀྱང་དེ་དང་འདྲ་བ་ཞིག་མ་ཐོན་པའི་ཐབས་མེད་སྙམ་དུ་སྙིང་ཐག་པ་ནས་བསམ་པ་དེ་ཡིན། སྦྱོར་བའི་བརྩོན་འགྲུས་ནི། དེ་ཀྱང་མི་ཆོག་འཁྱུག་པའི་བརྩོན་འགྲུས་གཅིག་དགོས། སྒེག་མོའི་སྐྲ་ལ་མེ་ཤོར་བ་ལྟ་བུའི་བརྩོན་འགྲུས་གཅིག་དགོས། སྡར་མའི་དཔང་དུ་སྦྲུལ་ཞུགས་པར་འདྲ་བའི་བརྩོན་འགྲུས་གཅིག་དགོས། མཚང་ཅན་དོང་དུ་བཅུགས་པར་འདྲ་བའི་བརྩོན་འགྲུས་གཅིག་དགོས། བརྩོན་འགྲུས་དེ་ཚོ་མེད་ན་ལེ་ལོའི་དབང་དུ་འགྲོ་བའི་སྐྱོན་ཡོད་དོ། ཡོངས་སུ་མཐར་ཕྱིན་པའི་བརྩོན་འགྲུས་ནི། དགེ་བ་ལག་ཏུ་བླངས་པ་དེ། ཞག་ཁ་ཤས། ཟླ་བ་ཁ་ཤས། ལོ་ཁ་ཤས་ཙམ་ལ་བྱས་སོ་ན་དེ་མི་ཆོག དཔེར་ན་མི་འདོད་ཅན་ནོར་དང་འཕྲད་པ་ལྟར་དགེ་བར་སྤྱད་པ་ལ་ངོམ་མི་ཤེས་ཤིང་ཆོག་པར་མི་འཛིན་པའི་ཚེ་དང་སྒྲུབ་པ་མཉམ་དུ་བསྐྱལ་བའི་དམ་བཅའ་བརྟན་པོ་ཞིག་དགོས་སོ། བསམ་གཏན་ལ་གསུམ་ཡོད༌། ཡོན་ཏན་མངོན་པར་བསྒྲུབ་པའི་བསམ་གཏན་ནི། སེམས་རྣམ་པ་གཞན་དུ་མ་ཡེངས་པར་དམིགས་པ་ལ་རྩེ་གཅིག་ཏུ་མཉམ་པར་འཇོག་པ་དང༌། མི་གཡོ་བའི་བསམ་གཏན་ནི། དེའི་དོན་ལ་མི་གཡོ་བར་གནས་པ་དང༌། དབང་འབྱོར་བ་ཅན་གྱི་བསམ་གཏན་ནི། ཡེ་ཅི་བཞིན་པའི་དོན་ལ་མཉམ་པར་འཇོག་པའོ། སྟོབས་ལ་གསུམ་ཡོད། དགེ་བ་ལས་མི་ལྡོག་པའི་སྟོབས་དང༌། ཉོན་མོངས་པ་སྤངས་པའི་སྟོབས་དང༌། བདུད་དང་གཞན་གྱིས་མི་ཚུགས་པའི་སྟོབས་སོ། སྙིང་རྗེ་ལ་གསུམ་ཡོད། སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་ཞིང་སྐྱོབས་པར་འདོད་པའི་རྣམ་པ་ཅན་གྱི་བྱམས་པ་དང༌། སྡུག་བསྔལ་མེད་པའི་བདེ་བ་སྐྱེད་པར་འདོད་པའི་རྣམ་པ་ཅན་གྱི་དགའ་བ་དང༌། ཉེ་རིང་ཆགས་སྡང་མེད་པར་སྙོམས་པར་འདོད་པའི་རྣམ་པ་ཅན་གྱི་བཏང་སྙོམས་ཚད་མེད་དང་གསུམ། སྨོན་ལམ་ལ་གསུམ་ཡོད། རང་གི་ཚོགས་གསོག་དང་འབྲེལ་བའི་སྨོན་ལམ། སེམས་ཅན་གྱི་དོན་དང་རྗེས་སུ་འབྲེལ་བའི་སྨོན་ལམ། སངས་རྒྱས་ཀྱི་ཞིང་དག་པ་ཐོབ་པར་བྱེད་པའི་སྨོན་ལམ་དང་གསུམ། ཐབས་ལ་གསུམ་ཡོད། རང་གི་སྐྱོན་སྤང་བའི་ཐབས། ཐེག་པ་ཆེན་པོའི་ལམ་དུ་གདུལ་བྱ་འཇུག་པའི་ཐབས། མྱུར་དུ་གཡུང་དྲུང་ལྟ་བུའི་ཏིང་ངེ་འཛིན་རྫོགས་པར་བྱེད་པའི་ཐབས་དང་གསུམ་མོ། ཤེས་རབ་ལ་གསུམ། ཐོས་པའི་ཤེས་རབ། བསམ་པའི་ཤེས་རབ། སྒོམ་པའི་ཤེས་རབ་དང་གསུམ་མོ།
དེ་དག་ལ་འཁོར་ལོ་ཞེས་སྨོས་དགོས་པའི་རྒྱུ་མཚན།
སངས་རྒྱས་ཀྱི་བཀའ་དང་དེ་ལ་བརྟེན་ནས་ཐོབ་པའི་སྤངས་རྟོགས་ཀྱི་ཡོན་ཏན་རྣམས་བོན་གྱི་འཁོར་ལོ་ཞེས་བྱ་སྟེ། རྒྱལ་པོའི་འཁོར་ལོ་རིན་པོ་ཆེ་དང་ཚུལ་མཚུངས་པའི་ཕྱིར་ཏེ། རྒྱལ་པོའི་འཁོར་ལོ་རིན་པོ་ཆེ་མངའ་འབངས་བསྒྱུར་བའི་ཕྱིར་དུ། ཡུལ་གཞན་དང་གཞན་དུ་འཕོ་བར་བྱེད་པ་བཞིན་དུ། སྟོན་པས་བཀའ་ཡི་འཁོར་ལོ་བསྐོར་བ་ལ་བརྟེན་ནས། སྟོན་པའི་ཐུགས་རྒྱུད་ཀྱི་རྟོགས་པའི་བོན་འཁོར་དང་ཆ་འདྲ་བའི་སྤངས་རྟོགས། གདུལ་བྱ་གཞན་རྒྱུད་ལ་འཕོ་བར་འགྱུར་བའི་ཕྱིར། གཞན་ཡང་རྒྱལ་པོའི་འཁོར་ལོ་རིན་པོ་ཆེ་ལ་བརྟེན་པར་བྱེད་པའི་ལྟེ་བ་དང༌། གཅོད་པར་བྱེད་པའི་རྩིབས་དང༌། བསྡུད་པར་བྱེད་པའི་མུ་ཁྱུད་དང་གསུམ་ཡོད་པ་བཞིན་དུ། ལུང་གི་བོན་འཁོར་གྱི་རྗོད་བྱེད་རྒྱུད་ལུང་མན་ངག་གསུམ་ནི་ལྟེ་བ་དང་བོན་མཚུངས། སྟོན་པའི་ཐུགས་རྒྱུད་ཀྱི་ཚད་མེད་པ་བཞི་དང་རྒྱུན་གནས་ཀྱི་ཐུགས་རྗེ་བཞི་ནི་རྩིབས་དང་བོན་མཚུངས། བརྗོད་དྲང་དོན་ཀུན་རྫོབ་དང༌། ངེས་དོན་དོམ་གྱིས་བསྡུས་པ་ནི་མུ་ཁྱུད་དང་མཚུངས་པའི་ཕྱིར། དེ་ལ་བརྟེན་ནས་ཐོབ་པའི་རྟོགས་པའི་བོན་འཁོར་ས་ལམ་གྱི་ཡོན་ཏན་ཀྱང༌། བསླབ་པ་རྣམ་པ་གསུམ་དང་སྤང་བའི་ཡོན་ཏན་རྣམས་སུ་འདུས་ལ། དེ་ཡང་ཚུལ་ཁྲིམས་ནི་ལྟེ་བ་དང༌། ཏིང་ངེ་འཛིན་ནི་མུ་ཁྱུད་དང༌། ཤེས་རབ་དང་འགོག་བདེན་ནི་རྩིབས་དང་མཚུངས་པར་སྐྱེ་བའི་ཕྱིར་ཏེ། གཡུང་དྲུང་ལས་རྣམ་པར་དག་པའི་རྒྱུད་ལས། རྒྱུད་ལུང་མན་ངག་ལྟེ་འབུར་ལ། ཚད་མེད་ཐུགས་རྗེའི་རྩིབས་བརྒྱད་ལྡན། བདེན་པ་གཉིས་ཀྱི་མུ་ཁྱུད་བཅས། སྣོད་བཅུད་འཁོར་འདས་དོན་འགྲེལ་ཞིང༌། ས་ལམ་འབྲས་བུ་དོན་རྫོགས་པས། སྣོད་ལྡན་རྣམས་ཀྱིས་འདི་སྦྱོང་ཅིག། ཅེས་གསུངས་པ་ལྟར་རོ། མདོ་རུ་བསྡུས་ན། འཆད་རྩོད་རྩོམ་གསུམ་ནི་ལུང་གི་བོན་འཁོར་དང༌། སྒྲུབ་པ་བོན་གྱི་འཁོར་ལོ་ནི་རྟོགས་པའི་བོན་འཁོར་གྱི་ཁོངས་སུ་གཏོགས་པ་ཡིན་ནོ།།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།