དྲུང་ཡིག་ཆེན་མོ་གདུང་བཙུན་རྒྱ་ཐར་ལགས་ཀྱི་ཚོགས་འདུའི་གཏམ་བཤད།

གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གདུང་བཙུན་རྒྱ་ཐར་ལགས་ཀྱི་ཚོགས་འདུའི་གཏམ་བཤད།
        འོ་ལགས་སོ།། དེ་རིང་བཀྲ་ཤིས་དོན་ཀུན་འགྲུབ་པའི་ཉི་མ། དེ་རིང་བདེ་ལེགས་ཕུན་སུམ་ཚོགས་པའི་ཉི་མ། དེ་རིང་ང་ཚོ་ཐམས་ཅད་དགའ་ནས་དགོད་སྒྲས་བར་སྣང་ཁེངས་པའི་ཉི་མ། དེ་རིང་འུ་ཅག་ཡོད་ཚད་སྐྱིད་པའི་དགྱེས་ཞལ་འཛུམ་གྱིས་བཞད་པའི་ཉི་མ། ཡུལ་ལ་དགེ་མཚན་ཆེ་བ་འཛམ་གླིང་ས་མཐོའི་ཡང་རྩེ་སྲིད་པ་ས་ཆགས་ཀྱི་རི་བོ་རབ་དཀར་དུང་གི་ལྷུན་པོ་ཚར་དུ་དངར་བ། གནས་ལ་དགེ་མཚན་ཆེ་བ་གནས་མཆོག་མ་རྒྱུད་གསང་བའི་གནས་ཆེན་ཉེར་བཞིའི་ནང་ཚན་མཁའ་འགྲོ་འུག་གདོང་གནས་ཀྱི་ཉེ་འདབས། ས་ལ་དགེ་མཚན་ཆེ་བ་སྐྱེ་འགྲོར་བདེ་སྐྱིད་འདྲ་མཉམ་བྱིན་པའི་རྒྱལ་བསྟན་རིན་ཆེན་དར་བའི་བསྟི་གནས་ཤར་ཟིང་ཆུའི་དགོན་ལག་བཅུ་གསུམ་གྱི་གཞིས་དགོན་བྱང་བྱ་དུར་དགའ་མལ་དགོན་ཆེན་དུ། གནའ་རབས་ལོ་ངོ་ཁྲི་ཕྲག་གི་གོང་རོལ་ནས་ཡངས་པའི་འཇིག་རྟེན་གྱི་ཁམས་ཆེན་པོར་འཚོ་ཞིང་གཞེས་པའི་ལུས་ཅན་ཡོད་དོ་ཅོག་ལ་ཕན་བདེའི་གཞི་རྩ་གཞན་ཕན་ལྷག་བསམ་གྱི་བརྩེ་བ་འདྲ་མཉམ་དུ་བྱིན་མཁས་ཚད་མེད་སྙིང་རྗེའི་སྐྱེས་བུ་འགྲོ་བ་མཐའ་དག་གི་མ་འདྲིས་པའི་མཛའ་བཤེས་ཆེན་པོ། སངས་རྒྱས་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་དེ་ཉིད་དམུ་རིགས་རྒྱལ་པོའི་རྒྱལ་སྲས་སུ་འཁྲུངས་པ་ནས། ཟབ་བརླིང་སྲིད་པ་གཡུང་དྲུང་བོན་གྱི་རིག་གནས་སམ་ཕུན་ཚོགས་ཞང་བོད་རིག་གནས་ཀྱི་གཟི་འོད་རླབས་ཀྱི་ཕྲེང་བ་རེ་རེ་ནམ་ལངས་ཀྱི་ཉི་ཤར་ཇི་བཞིན་ནང་འགྲོ་བ་ཡོད་དོ་ཅོག་གི་ལམ་སྟོན་གྱི་སྒྲོན་མེ་ཁོ་ན་རུ་གྱུར་ཅིང༌། སྟོན་མཚན་ཉ་རྒྱས་ཀྱི་ཟླ་བ་ཇི་བཞིན་མཁའ་མཉམ་སྐྱེ་དགུ་ཡོངས་ཀྱི་རྨོངས་མུན་དགུ་རིམ་འཇོམ་པའི་འོད་ཀྱི་གོང་བུ་ཆེན་པོའམ་ཤེས་རབ་ཆེན་པོའི་གཏེར་དུ་གྱུར་ནས་ཡོད།
      གཡུང་དྲུང་བོན། བརྗོད་བྱ་རྒྱ་ཆེ་གཏིང་ཟབ་ནམ་མཁའ་རྒྱ་མཚོའི་བདག་ཉིད་ཅན།
      གཡུང་དྲུང་བོན། ལོ་རྒྱུས་ཚད་ལྡན་ཕུགས་ཐུབ་བགྲང་བྱ་ཁྲི་ཡི་གླེང་གཞི་ཅན།
      གཡུང་དྲུང་བོན། འཚེ་མེད་ཞི་བདེའི་ཤེས་རིག་འགྲོ་ལ་ཕན་བདེའི་སྦྱིན་པ་ཅན།
      རླབས་ཆེན་གྱི་སྟོན་པ་གཤེན་རབ་མི་བོའི་མཛད་རིམ་གྱི་ཐེམ་སྐས་རེ་རེ་ནས་བརྒྱད་ཁྲི་བཞི་སྟོང་བོན་གྱི་སྒོ་འཕར་ཡངས་པོ་གནའ་སྔོན་མོའི་ཁྱོན་དང་ས་དོག་མའི་ཁུགས་སོ་རེ་རེ་ན་གཟི་བྱིན་གྱིས་མཆེད་ཅིང༌། རྟེན་འབྱུང་གིས་ཁྱབ་པ་རྣམས་ནི། འཛམ་གླིང་སྲིད་པའི་ལྟེ་བ་ཞང་ཞུང་སྒོ་ཕུགས་བར་གསུམ་ཀུན་ཏུ་བྱོན་པའི་མཁས་གྲུབ་སྟག་སེང་དར་མའི་ཁྱུ་བཞིན་འཁྲིགས་པ་རྣམས་ཀྱིས་ཐུགས་ཉམས་སུ་བསྟར་ཅིང་དགོངས་ཉམས་སུ་ཟབ་བཞེས་མཛད་དེ་གདུལ་བྱ་རྒྱ་མཚོར་གང་ལ་གང་འཚམ་དང་དེ་ལ་དེ་བསྟུན་གྱི་སྒོ་ནས་བོན་འཁོར་ཚད་མེད་བསྐོར་བ་ནས་གཤེན་རབ་རིག་གནས་ཀྱི་ཉལ་འགྲོ་རིང་མོ་ཕྱོགས་ནས་ཕྱོགས་སུ་གྱེས་ཏེ་གནའ་བོའི་མི་ཡི་འགྲོ་བ་མང་པོའི་ཤ་ཁྲག་རུས་གསུམ་དང༌། གློ་སྙིང་བྲང་གསུམ་གྱི་བར་གསེང་རེ་རེ་ན་འཚེ་མེད་སྙིང་རྗེ་དང༌། ལྷག་བསམ་དགེ་སེམས་ཀྱི་དུང་མདངས་འོད་དུ་འཚེར་ཞིང་ཟེར་དུ་འཕྲོས་པ་དེ་ནི་མི་རིགས་སྔོན་མ་དེ་དག་གི་བསོད་ནམས་ཀྱིས་ཐོབ་ཅིང༌། ལས་དབང་གིས་བསྐྲུན་པ་ཞིག་དང༌། གཟི་བརྗིད་ཀྱི་རྒྱབ་ལྗོངས་བརྟན་བརླིང་ཕུན་ཚོགས་ཀྱིས་ཕྱུག་འདུག་པ་དེ་ནི་ལོ་རབས་མང་པོའི་ལོ་རྒྱུས་ཀྱི་ཁྲོད་ན་ཉི་ཟླ་ལྟར་འཚེར་ནས་ཡོད་པ་ཞིག་གོ།  རེད་དེ། བར་སྐབས་ཤིག་ཏུ་བགྲང་བྱ་ཁྲི་ཕྲག་གིས་རྒས་པའི་ཞང་ཞུང་རྒན་པོའི་ཕ་ཆོས་སམ། ལོ་རབས་ཁྲི་ཕྲག་གིས་རྙིང་བའི་ཁ་བ་བོད་པའི་མ་ཆོས་གཙང་མ་འདི་ལ། ལས་དུས་རྐྱེན་གསུམ་གྱི་འགལ་རྐྱེན་སྣེ་མང་གི་ཁྲོད་དུ་སྟོད་ཏི་སེ་གངས་རིའི་རྩེ་མོ་སྨུག་པས་གཡོགས་ཤིང༌། བར་མ་ཕམ་གཡུ་མཚོའི་ཁ་མདངས་དྭངས་མོ་རྡུལ་འཚུབ་ཀྱིས་དཀྲུགས་ཏེ་གཤེན་རབ་རིག་གནས་ཀྱི་ཚེ་སྲོག་གསོན་པོ་སྣུམ་ཟད་ཀྱི་མར་མེ་ཇི་བཞིན། འུ་ཚང་གི་སྲོག་གི་དོ་ཟླ་འདི་ཅུང་ཙམ་མིན་ན་ཤོར་ཟིན་ཡོད་ལ། འུ་ཚང་གི་ཁྱིམ་གྱི་གཅེས་ནོར་འདི་ཅིག་ཅིག་མིན་ན་བོར་ཚར་ཡོད་འདུག་ཨང༌།

      རེད། ལྷོ་ཡི་ཇག་རྐུན་གངས་རིའི་ཁོང་གསེང་དུ་འཛུལ་ཉིན་ནས། ཤར་གྱི་རླུང་དམར་སཱ་ལའི་སྨན་ལྗོངས་སུ་གཡུགས་ཉིན་ནས། གཤེན་རབ་རིག་གནས་ལ་ཆག་གྲུམ་ཤོར་ཞིང༌། གཤེན་རབ་རིག་གནས་ལ་ས་འགུལ་ཐེབས་ཚུལ། དྲང་བདེན་ལོ་རྒྱུས་རྣམས་སུ་སྨེ་སྔགས་འདོན་བཞིན། གཟུར་གནས་མཁས་པའི་ངག་ནས་སྐྱོ་གཏམ་གླེང་བཞིན། ཡ་ང་གནས་བའི་གནས་ཚུལ། ཡིད་སྐྱོ་བའི་ལོ་རྒྱུས་མིག་ཆུ་བཞིན་བཞུར་ནས་ཡོད་ལ། རི་མོ་བཞིན་བྲིས་ནས་ཡོད་པ་དེ་རེད་ཨང༌།
      འོན་ཀྱང༌། སངས་རྒྱས་ཀྱི་ཐུགས་བསྐྱེད་ཉི་ཟླ་ལྟ་བུ་གཏན་དུ་མ་ནུབ་པར། སེམས་ཅན་གྱི་བསོད་ནམས་ས་གཞི་ལྟ་བུ་ཁྱོན་ནས་མ་ཟད་པར། དར་ནུབ་ཀྱི་ཟླ་བའི་འཕེལ་ཁ་ཡར་ངོ་ལ་ཆས་བཞིན་པའི་དེ་རིང༌། གཤེན་བསྟན་རྒྱ་མཚོའི་རྦ་རླབས་སྲིད་རྩེ་རུ་འཕྱོ་བཞིན་པའི་དེང་སང༌། ཞང་བོད་ཤེས་རིག་གི་ངོ་སོ་འཛམ་གླིང་གིས་བསྟོད་ཀྱིན་པའི་ད་ལྟ། ང་ཚོ་སྟེ་གཤེན་བསྟན་རྗེས་འཛིན་པ་སུ་ཞིག་ཡིན་རུང༌། རྟག་ཞང་བོད་གསུམ་སོགས་ཀྱིས་མཚོན་པའི་ཡུལ་གྲུ་ཆེན་པོ་ཁག་ཏུ་བྱོན་པའི་སྔོན་བྱོན་ལོ་པཎ་མཁས་གྲུབ་གོང་མ་དག་གི་སྐུ་དྲིན་དྲན་བཞིན། ད་ལྟ་འཛམ་གླིང་ཤར་ནུབ་ཀུན་ཏུ་བོན་གྱི་འཁོར་ལོ་རྒྱུན་ཆད་མེད་པར་སྐོར་བཞིན་པའི་སྨན་རིའི་མཁན་སློབ་རྣམ་གཉིས་ཀྱི་བཀའ་དྲིན་བསམ་བཞིན། བོད་ཡུལ་སྟོད་སྨད་བར་གསུམ་ན་གཤེན་བསྟན་གདུགས་དཀར་འཛིན་བཞིན་པའི་བླ་སྤྲུལ་མཁན་གསུམ་མང་པོའི་མཛད་འཕྲིན་གླེང་བཞིན།
      འུ་ཅག་གིས་རང་ནོར་གཅེས་སྐྱོང་དང༌། ཕ་ཤུལ་བུས་འཛིན་གྱི་བྱེད་ཕྱོགས་ལྟར། ཁོང་ཚོ་སྟེ་གཤེན་བསྟན་འཛིན་སྐྱོང་གི་དབུ་ཁྲིད་པ་རྣམ་པ། ཁྱེད་ཚོ་སྟེ་གཤེན་བསྟན་དར་སྤེལ་གྱི་ལམ་སྟོན་པ་རྣམ་པ། ང་ཚོ་སྟེ་གཤེན་བསྟན་རིན་པོ་ཆེའི་ཞབས་ཕྱི་བ་རྣམ་པ། དེ་རིང་གནས་འདི་ན་གསེར་ཞལ་སེང་གེ་གདོང་འཛོམས་ཀྱི་བླ་སྤྲུལ་གསེར་རིའི་ཕྲེང་བ། དེ་རིང་ཡུལ་འདི་ན་ལས་དབང་དང་དགོས་དབང་ཞིག་གིས། རྟེན་འབྲེལ་དང་སྨོན་ལམ་ཞིག་གིས་ས་ཁ་ཐག་རིང་ས་ནས། བོད་མདོ་དབུས་ཁམས་གསུམ་ནས། གནས་འདི་ན་དངོས་སུ་འཛོམས་ཤིང༌། གྲལ་གཅིག་ཏུ་དུས་ལྟར་འཚོགས་ཏེ། ང་ཚོ་ལ་མཚོན་ལ་ལོ་རྒྱུས་ཀྱི་མགོ་མ་ཡིན་ཞིང༌། རྟེན་འབྲེལ་གྱི་ཐོག་མའང་ཡིན་པའི། གཡུང་དྲུང་བོན་གྱི་གཡས་རུའི་འཆད་རྩོད་ཆེན་མོ་ཐེངས་དང་པོ་དང༌། གཡུང་དྲུང་བོན་དང་འབྲེལ་བའི་བགྲོ་གླེང་ཚོགས་འདུ་ཐེངས་དང་པོ། གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་གསུམ་པ་སོགས་ལ་མཐོང་ཆེན་ཡོད་པ་དང༌། ཡིད་རངས་ཡོད་པ། རྒྱབ་སྐྱོར་ཡོད་པ་སོགས་ཀྱི་ངོས་ནས་ཕེབས་པའི་འདིར་བཞུགས་ཚོགས་མི་ཡོངས་ལ་གཤེན་བསྟན་རིན་པོ་ཆེའི་ཞབས་ཕྱི་བ་གུས་པས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང༌། གུས་འདུད་དགའ་བསུ་ཡང་ཡང་ཞུས་པ་ལགས། དེ་དང་ལྷན་དུ་མདོ་སྨད་གཡུང་དྲུང་བོན་གྱི་འདུས་སྡེ་ཆེན་པོ་དཔལ་དགའ་མལ་དགོན་ཆེན་གྱི་མཁན་རིན་པོ་ཆེ་ཤེས་རབ་གཡུང་དྲུང་དབང་རྒྱལ་ལགས་དང༌། དཔོན་སློབ་རིན་པོ་ཆེ་ཤེས་རབ་མཐར་ཕྱིན། སྣང་ཞིག་དགོན་གྱི་སྤྲུལ་ཤེས་རབ་འོད་ཟེར་རྒྱལ་མཚན་རིན་པོ་ཆེ་སོགས་ཀྱི་གཙོས་མཛེས་ལྗོངས་གཟི་རྩ་སྡེ་དགུ་དང་གནས་ཆེན་དུང་རི་དཀར་པོའི་ཁོར་ཡུག་ཀུན་ཏུ་རྒྱལ་བསྟན་བཤད་སྒྲུབ་གཉིས་ཀྱིས་སྐྱོང་བཞིན་པའི་ཟིང་ཆུའི་དགོན་མ་ལག་ཁག་གི་བླ་མ་དང་སྤྲུལ་སྐུ། མཁན་པོ་དང་དགེ་བཤེས། གྲྭ་ཚང་དང་མི་སེར་ཡོངས་ཀྱིས་སྟོབས་ཤུགས་གཅིག་སྒྲིལ་དང༌། ལྷག་བསམ་ཟོལ་མེད་ཀྱི་ངང་ནས་བོད་དམ་བོན་གྱི་དགོན་སྡེ་མང་པོའི་ཁྲོད་ན་ལོ་རྒྱུས་སུ་སྔར་མ་གྲགས་པའི་ཟིན་ཐོ་གསར་པ་སྟེ་འདི་འདྲའི་ཚོགས་ཆེན་རིན་ཐང་དང་ལྡན་པ་ཞིག་གནས་གཅིག་དུས་གཅིག་ཏུ། ཁོང་རྣམ་པས་རྒྱུ་དང་ནོམ་པ། ཚེགས་དང་དཀའ་ངལ། ཐབས་དང་ཇུས་འགོད་སོགས་ཀྱི་དཀའ་ཁག་གི་གཉེན་འཕྲང་རིམ་པར་བརྒྱུད་དེ། འུ་ཅག་ཐུན་མོང་གི་བསྟན་དོན་ཁ་ཚ་དགོས་གཏུགས་སུ་གླེང་ཆོག་ལ། རྣམ་དཔྱོད་ལུང་རིགས་ཀྱི་རལ་གྲི་ཚ་ཚ་འུར་འུར་དུ་བརྡལ་ཀྱང་ཆོག་པའི་གོ་སྐབས་དང་ཁོར་ཡུག་འདི་འདྲའི་ཡ་མཚན་ཞིང་དོན་སྙིང་དང་ལྡན་པ་ཞིག་བསྐྲུན་པ་ནི་གཤེན་བསྟན་རིན་པོ་ཆེའི་ཁོལ་པོ་བདག་གིས་ཚོགས་པ་འདིའི་ཚབ་བྱས་ཏེ་ལྷག་བསམ་རྣམ་དག་གིས་བཀའ་དྲིན་ཆེ། ཐུགས་རྗེ་ཆེ། དངོས་གནས་ཐུགས་རྗེ་ཆེ་ཞུས་པ་ལགས།
      ལགས་སོ།། དེས་ན་ད་ལན་གཡུང་དྲུང་བོན་གྱི་གཡས་རུའི་འཆད་རྩོད་ཆེན་མོའི་སྐོར་གླེང་ཡོང་དུས། ཐོག་མར་ང་ཚོས་ངེས་པར་དུ་ཚད་མའི་བྱུང་ཁུངས་སོགས་ཀྱི་ཕྱོགས་ལ་རྒྱུས་ལོན་ནམ་གསལ་བཤད་ཅིག་ཞུ་དགོས་པ་གལ་ཆེ་ཞིང་གནས་ལུགས་དང་ཡང་མཐུན་པ་ཞིག་ཏུ་ཆགས་འདུག་མོད། འོན་ཀྱང་གུས་པ་རང་ཉིད་ལ་མཚོན་ན་སྔོན་བསགས་བསོད་ནམས་ཀྱིས་མ་འཆུན་པ་དང༌། རྣམ་དཔྱོད་བློ་རིག་གི་སྒོ་མོ་དོག་དྲགས་པ་སོགས་ཀྱི་དབང་གིས་ཚད་མ་རིག་པ་ཞེས་པའི་ཁུངས་འདི་དང་འདིའོ།། ཚད་མ་རིག་པ་དར་ཚུལ་བརྒྱུད་རིམ་གྱི་ལོ་རྒྱུས་ནི་དེ་དང་དེའོ་ཞེས་སྨྲ་བའི་རྣམ་དཔྱོད་ཞན་ལ། བཤད་པའི་སྤོབས་པའང་ཆུང་འདུག་ལ། ལྷག་པར་དུ་འཆད་པས་བློ་གསལ་ངག་གི་ལྐུགས་ཁ་ཐོགས་མེད་དུ་འབྱེད་ཅིང༌། རྩོད་པས་རྒོལ་ངན་འབུམ་སྡེའི་ཀླད་པ་ཚར་བར་འགས་པ། རྩོམ་པས་རྒྱལ་བསྟན་སྙིང་བོའི་སྒོ་བརྒྱ་ཅིག་ཅར་དུ་འབྱེད་ནུས་པའི་བླ་སྤྲུལ་དགེ་བཤེས་རྣམ་པ་སོགས་འདི་ན་བཞུགས་པའི་མཁས་པའི་བྱ་བ་གསུམ་མམ་བསྟན་པའི་རྒྱལ་མཚན་རྣམ་གསུམ་བདག་གིར་བཞེས་མཛད་གཅིག་གཅིག་གཉིས་གཉིས་དང༌། བརྒྱ་བརྒྱ་སྟོང་སྟོང་གྲལ་དུ་འཁོད་ཡོད་སར། སྤྱིར་ཡིན་ན་བཤད་མི་ཤེས་ཁ་རོགས་བསྡད་ན་མཛེས་པའི་བྱེད་ཕྱོགས་ལས་མ་འདས་ན་ཡང༌། དེ་རིང་རྟེན་འབྲེལ་གྱི་ཐོག་མར། སྨོན་འདུན་གྱི་དབྱངས་རྟ་གཙང་མ་ཞིག་དང་འགྲོགས་ཏེ་བྱུང་རིམ་ཙམ་ཞུ་ན། ཇི་སྐད་དུ། མདོ་གཟི་བརྗིད་རྒྱུ་འབྲས་བསྟན་པའི་མདོ་ལས། འཆད་པས་མི་ནུབ་བསྟན་པའི་རྒྱལ་མཚན་ཚུགས།། རྩོད་པས་བསྟན་པའི་རུ་དར་མཁའ་ལ་ཕྱར།། རྩོམ་པས་བསྟན་པའི་སྒྲོན་མེ་ཡོངས་ལ་འདེགས།། དེ་གསུམ་ཟུང་འབྲེལ་བསྟན་པའི་རྒྱལ་མཚན་ཏེ།། ཞེས་གསུངས་པ་ལྟར་རང་རེ་གཡུང་དྲུང་བོན་གྱི་ལུགས་ལ་བསྟན་པའི་རྒྱལ་མཚན་རྣམ་གསུམ་དུ་གྲགས་པའི་ནང་ཚན་རྩོད་སྤོང་ཤན་འབྱེད་ཀྱི་རྣམ་བཞག་དེ་ནི་ཀུན་མཁྱེན་ཉི་མས། ཡང་དག་པའི་བསྟན་པ་ལ་མ་རྟོགས་ལོག་རྟོག་ཐེ་ཚོམ་གྱི་དྲི་མས་གོས་པ་ཐམས་ཅད་བསལ་ནས། སངས་རྒྱས་ཀྱི་བསྟན་པ་རྣམ་པར་དག་བྱེད་ཀྱི་གཞི་ཡིན་པར་གསུངས་པ་དང༌། མདོ་ལས། སྒྲ་ཚད་ནི་བོན་དེ་དག་ལས། དོན་བོན་ཉིད་ལས་བརྗོད་དུ་མེད་ཀྱང༌། བོན་ཅན་ལ་བརྗོད་དུ་བྱུང་བས། ཚིག་གི་སྒྲོན་མས་དོན་གྱི་བརྡར་ཤ་བཅད་ཅིང༌། རྟག་ཆད་ཀྱི་མཐའ་བསལ་ཕྱིར་དུ་འགལ་མཐུན་གྱི་སྐད་དུ་བསྒྱུར་བར་བྱའོ།། ཞེས་པ་ལྟར། འགལ་བ་སྤང་ཞིང་མཐུན་པ་བསྡེབ་སྟེ། གལ་བོ་རྩོད་པའི་ཕྱིར་དུ་གསུངས་ཤིང༌། བོད་ཀྱི་རིག་པའི་གནས་ཆེན་ལྔ་ལས་སྒྲ་རིག་པའི་ཁོངས་གཏོགས་དང༌། དེ་ཉིད་སྤྱི་རྗེ་རྒྱལ་པོ་བྱ་ཁྱུང་ལས་བྱུང་སྟེ་ལྷ་སྲིན་བར་དུ་གཏན་ལ་ཕབ། དེ་ལ་ནང་གསེས་དབྱེ་བ་སྒྲ་དང་ཚད་མ་གཉིས་སུ་གྱེས་པ། ལྷ་སྲིན་གྱི་འཁྲུགས་འབུམ་ནག་པོ། སྒྲ་ཚད་ཀྱི་རྩོད་འབུམ་ཁྲ་བོ། དག་པའི་ལྷ་འབུམ་དཀར་པོ་དང་གསུམ་སྣོད་གཡུ་ལོ་རྨ་ལོ་གཉིས་ལ་བསྟན་ཡོད་ཚུལ་ནི་རང་རེའི་ལོ་རྒྱུས་རྣམས་སུ་ཡོངས་སུ་གྲགས་པ་ལྟ་བུ་རེད། མདོར་ན། ཟབ་མོ་ལྟ་བའི་གནས་ལུགས་འཇལ་བྱེད་ཀྱི་ཐབས་ལམ་རྨད་དུ་བྱུང་བའི་ཚད་མ་རིག་པ་དེ་དང་པོ་རྟག་གཟིགས་ནས། བར་དུ་ཞང་ཞུང༌། ཐ་མ་བོད་ཀྱི་ཡུལ་དུ་རིམ་བཞིན་དར་ཏེ་གཙང་གི་སྟོན་པ་བཅོ་བརྒྱད་དམ་གཡས་རུའི་མཁས་གྲུབ་བཅོ་བརྒྱད་ཀྱི་གདན་ས་ཆེན་པོ་གཙང་གཡས་རུ་དབེན་ས་ཁ་དེ་ནི་རང་རེ་བོན་ལ་མཚོན་ན་བོད་དར་ཚད་མ་རིག་པའི་ཕ་ས་ཆེན་པོའམ། བོན་གྱི་ཚད་མ་རིག་པའི་གདན་ས་ཆེན་པོ་ཞིག་ཏུ་བཀུར་འོས་ཤིང༌། གཡུང་དྲུང་བོན་གྱི་ཚད་མའི་འཆད་རྩོད་ཆེན་མོའི་ཚ་རླབས་འཕྱུར་ས་ཆེ་ཤོས་དང་ཐོག་མ་ཞིག་ཀྱང་ཡིན་ངེས་པར་སྣང༌།

      རེད་ལགས། གཡས་རུའི་སྟོན་པ་བཅོ་བརྒྱད་ཀྱི་ནང་ཚན་འགྲོ་མགོན་བློ་གྲོས་རྒྱལ་མཚན་དང༌། སྨན་རིའི་མཁན་རབས་རིམ་བྱོན་གྱི་ཐོག་མ་རྒྱལ་བ་མཉམ་མེད་ཆེན་པོ་སོགས་ཀྱིས་ཡང་སྙིང་ཚད་མ་རིག་པའི་ཟབ་ཚད་རྗེན་ཅར་དུ་གཟིགས་བཞིན་རྗེས་འཇུག་བུ་སློབ་ཀྱི་ཚོགས་རྣམས་ལ་རང་རེའི་ཚད་མ་རིག་པའི་སྤྱི་ཁོག་ལ་ལྟ་བའི་འདྲེན་བྱེད་ཀྱི་མིག་ལྟ་བུ་དང༌། ཚད་མ་རིག་པའི་ཟབ་ཚད་འཇལ་བའི་རྣམ་དཔྱོད་ཀྱི་བློ་ལྟ་བུའི་ཚད་མའི་ལྗགས་རྩོམ་གླེགས་བམ་རྗེས་བཞག་མཛད་ཡོད་པ་རྣམས་ནི། ང་ཚོས་གཅེས་པའི་ནོར་དང༌། ཁོང་གི་སྙིང་ལྟར་མཐོང་སྟེ་མུ་ནས་མུ་རུ་འདི་ལྟ་བུའི་གཡུང་དྲུང་བོན་གྱི་གཡས་རུའི་འཆད་རྩོད་ཆེན་མོ་སྤེལ་ཏེ། རང་ཉིད་རྒྱལ་བར་འདོད་པའི་ང་རྒྱལ། གཞན་རྣམས་ཕམ་པར་འདོད་པའི་ཞེ་སྡང༌། རང་གཞན་གྲུབ་མཐའི་དོན་ལ་རྨོངས་པའི་གཏི་མུག་སོགས་རྩོད་པའི་བསམ་པ་དུག་ཅན་གསུམ་གྱིས་མ་གོས་པའི་སྒོ་ནས་བཤད་སྒྲུབ་བསྟན་པའི་གསལ་བྱེད་འཆད་རྩོད་རྩོམ་གསུམ་གྱི་བྱ་བ་དང་མི་འབྲལ་བར་རང་རེའི་ལས་དོན་ཐམས་ཅད་རྒྱལ་ཁ་དང་གཟི་བརྗིད་ཀྱི་ངང་འགྲུབ་ཐུབ་པའི་ཤིས་སྨོན་ཡང་ཡང་ཞུ་བ་ལགས་སོ།། བཀའ་དྲིན་ཆེ།།

 

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།