ཤར་རྫའི་རི་ཁྲོད་དང་རི་ཁྲོད་ཀྱི་བཤད་སྒྲུབ་སྒོམ་གསུམ་སྐོར་གླེང་བ།

ཤར་རྫའི་རི་ཁྲོད་དང་རི་ཁྲོད་ཀྱི་བཤད་སྒྲུབ་སྒོམ་གསུམ་སྐོར་གླེང་བ།
བོན་ནག་ཚང་ཡེ་ཤེས་བློ་གྲོས།

མི་ཡུལ་གྱི་འོག་མིན།

—-ཤར་རྫའི་རི་ཁྲོད་དང་རི་ཁྲོད་ཀྱི་བཤད་སྒྲུབ་སྒོམ་གསུམ་སྐོར་གླེང་བ།
༼གླེང་གཞིའི་སྐད་ཆ༽
     མི་ལོ་བརྒྱད་ཀྱི་ཡར་སྔོན་ཞིག་ནས་ཤར་རྫའི་རི་ཁྲོད་མཐོང་མ་ཐག་ང་ལ་ཐོས་མྱོང་བའི་གོ་རིམ་ཁྲོད་ནས་རང་ཉིད་གནས་མཆོག་དེ་ལ་མཇལ་འདོད་ཀྱི་བག་ཆགས་བརྟན་པོ་ཞིག་སེམས་སུ་བཞག རེ་གསལ་རེ་སྡུག་གི་མི་ཚེའི་ཁྲོད་ནས་གནས་མཆོག་འདི་ལ་ཉེར་བསྡོགས་རྩོམ་ཡང་དགོས་མེད་ཀྱི་བྱ་བ་ཁ་ཤས་ཀྱི་འགྲོ་ལམ་ལྡོག་མྱོང་། ད་ལྟ་བོད་མེ་ཕག༼༢༠༠༧༽ལོའི་གླང་ཟླའི་སྟག་གི་མཚན་མོ་ཞིག་ལ་རང་ཉིད་ཀྱིས་སྔ་མོ་ནས་བསམ་པའི་གནས་མཆོག་འདི་ལ་སླེབས་པ་ཡིན། རང་ཉིད་ཀྱི་སེམས་སུ་མཚན་མོའི་ལྷིང་འཇགས་འདི་ནི། རང་ཉིད་ཀྱི་རོལ་མ་མྱོང་བའི་ལྷིང་འཇགས་ཤིག་སྟེ་དག་ཞིང་གི་ངོ་བོ་ལས་འཕྲོས་པའི་ལྷིང་འཇགས་ཤིག་ཡིན་པར་བསམ།༼ཤར་རྫའི་རི་ཁྲོད།༽
རི་ཁྲོད་འདི་ནི་ཤར་རྫའི་བྱ་བྲལ་བ་སྙིགས་དུས་ཀྱི་འཇའ་ལུས་པ་ཆེན་པོ་བཀྲ་ཤིས་རྒྱལ་མཚན་མཆོག་གིས་དགོང་ལོ་སོ་བཞིའི་སྟེང་གྱེར་ཟ་གཡུང་དྲུང་ལྷུན་པོའི་མདུན་དུ་གནས་གཞི་གསར་དུ་བཟུང་། གྱེར་ཟ་གཡུང་དྲུང་ལྷུན་པོ་ནི་སྔོན་མ་དྲན་པ་ཡབ་སྲས་ཀྱི་ཞབས་ཀྱིས་བཅགས་པའི་གནས་རི་ངོ་མཚར་ཅན་ཞིག་ཡིན་ལ་རི་སྟོད་ཀྱི་རྫ་མགོ་ན་དྲན་པ་ཡབ་སྲས་ཀྱི་ཕྱག་བྲིས་དང་གཏེར་ཁ་སོགས་ཡོད་པ་གནས་བཤད་ལས། དེ་དག་དྲན་པ་ཡབ་སྲས་གསུམ༔མངོན་སུམ་བྱོན་པའི་བཀའ་རྟགས་ཆེ༔གནས་ཀྱི་དབུ་རྩེ་ཕ་བོང་ཆེ༔གུར་ཆེན་ཕུབས་པ་འདྲ་བ་ལ༔རྫུ་འཕྲུལ་རྩལ་གྱི་ཕྱག་བྲིས་པའི༔ལས་བཞི་ཨ་ཨཱོྃ་ཧཱུཾ་ཡིག་དང༔སྐུ་གསུང་ཐུགས་ཀྱི་གཏེར་ཁ་ཡོད༔ཅེས་གསུངས།
རི་ཁྲོད་འདི་ལ་རི་ཁྲོད་གོང་མ་དང་བར་མ། འོག་མ་གསུམ་ཡོད་ལ། རི་ཁྲོད་གོང་མ༼དབེན་གནས་བདེ་ཆེན་དྲང་སྲོང་དགྱེས་པའི་སྐྱེད་ཚལ༽ནི་ཤར་རྫ་ཁོང་གིས་མཛོད་ཆེན་རྣམ་ལྔ་དང་གསུང་ཕྲན་མང་པོ་དགོངས་གཏེར་དུ་ཕབས་ས་གཙོ་བོ་ཡིན་སྐད། ཁོང་གི་གསུང་མཛོད་ཆེན་རྣམ་ལྔ་ནི་སྡེ་སྣོད་མཛོད། དབྱིངས་རིག་མཛོད། ལུང་རིགས་མཛོད། ནམ་མཁའ་མཛོད། ལེགས་བཤད་མཛོད་བཅས་ཡིན་ལ་དེ་ལས་གཞན་གསུང་རྩོམ་མང་པོ་ཡོད་པ་ད་ལྟ་མངོན་སུམ་རེད། མཛོད་ཆེན་སྡེ་ལྔ་དང་གསུང་རྩོམ་མང་པོ་གང་དྲན་དུ་བྱུང་བ་ཞིག་མ་ཡིན་ལ་ལུང་གིས་བསྔགས་པ་འདི་ལྟར། དྲན་པའི་བཀའ་ཐང་ཆེན་མོ་གཡུང་དྲུང་གསང་མཛོད་མ་ལས། དེ་རྗེས་ཤར་རྫ་བཀྲ་ཤིས་རྒྱལ་མཚན་ཞེས༔དགོངས་གཏེར་ནམ་མཁའ་མཛོད་ཀྱི་ཐུགས་ཏིག་སྩལ༔མཛོད་ཆེན་ལྔ་དང་རྫོགས་ཆེན་ཟབ་དོན་སྐོར༔དམར་ལ་ཟབ་པ་རྒྱ་ཆེར་སྤེལ་བ་འོང༔ཞེས་གསུངས་པ་ལྟར་རེད།
ངོ་མ་མཛོད་ཆེན་རྣམ་ལྔ་ནི་བོན་རང་ལུགས་ཀྱི་མདོ་རྒྱུད་གཞུང་དང་མཐུན་པ་ལ་སྐྱེ་བོ་སུ་ཡིན་ཡང་ཐེ་ཚོམ་མི་དགོས་པའི་ལུང་འདི་ལྟར། ཨེ་མ་ཧོ། ཀུན་བཟང་དགོངས་བརྡ་སྙན་རྒྱུད་གསང་བའི་མཛོད།།བླ་མེད་ཐེག་ཆེན་སྙིང་པོའི་དོན་བསྟན་བདག།འགྲོ་བའི་མགོན་པོ་རྗེ་བཙུན་ཤར་རྫ་པ།།རྒྱལ་བའི་རྒྱལ་ཚབ་ཞབས་ལ་གསོལ་བ་འདེབས།།ཞེས་ཤར་རྫའི་གྲུབ་དབང་དམ་པའི་གསོལ་འདེབས་ནི་དད་ལྡན་སྐལ་བཟང་གཡུང་དྲུང་གིས་བསྐུལ་ངོར་སྨན་རིའི་མཁན་པོ་ཕུན་ཚོགས་བློ་གྲོས་ཀྱིས་ཕུལ་བ་སྟེ། དམ་པ་འདིའི་མཛད་བྱང་རྣམས་ནི་རང་རེ་བོན་རྙིང་མའི་རྒྱུད་སྡེ་ཐམས་ཅད་ཀྱི་དགོངས་དོན་གཅིག་ཏུ་བསྡུས་པ། རྒྱལ་བ་མཉམ་མེད་ཆེན་པོའི་རིང་ལུགས་དང་མི་འགལ་བ་ཟབ་དགུའི་སྙིང་པོར་གྱུར་འདུག་པས། རང་ཅག་བོན་པོ་རྣམས་ཀྱིས་སྤྱི་བོའི་གཙུག་ཏུ་བཀུར་ཏེ། ཚེ་གཅིག་གི་བྱང་ཆུབ་བསྒྲུབ་པ་ལ་འབད་ན་གདམས་པ་འདི་ལས་ཟབ་པ་གཞན་དུ་བཅོལ་མི་དགོས་པ་འདུག་པས་དེ་སྐད་རྗེས་འཇུག་རྣམས་ལ་གདམས་ཏེ་ཞང་ཞུང་དཀར་རུའི་ས་ཆ་ནས་ཤིང་གླང་ཟླ་ཚེས་ལ་ཕུལ་བའོ།།
ཡང་ན་དཔལ་ལྡན་མི་ཡི་སེང་གེ་དགེ་བའི་བཤེས་གཉེན་ཆེན་པོ་ཡོངས་འཛིན་སངས་རྒྱས་བསྟན་འཛིན་གྱི་གསུང་མཁས་ཤིང་གྲུབ་པའི་དབང་པོ་བཀྲ་ཤིས་རྒྱལ་མཚན་ལ་གསུང་གི་སྒོ་ནས་འདུད་པའི་ཚིག་ཕྲེང་ཨུཏྤལ་ཆུན་པོ་བཞུགས་པ་ལས། གྲུབ་པའི་དབང་པོ་རྣམ་འདྲེན་ཁྱོད་ཉིད་ནི།།གསང་ཆེན་སྔགས་ཀྱི་བོན་སྡེ་འཆད་པའི་ཚེ།།སྔགས་བདག་ཆེན་པོ་སྟོང་རྒྱུང་མཐུ་ཆེན་སོགས།།མཁས་བཞིའི་རྗེས་སུ་གོམས་པའི་འདེགས་འཇོག་བྱེད།།གཡས་རིའི་མཁས་མཆོག་བློ་གྲོས་རྒྱལ་མཚན་དང་།།ཀུན་མཁྱེན་སྤྱན་གཅིག་གཉིས་ཀྱི་འགྲེལ་ཚུལ་ལྟར།།ཁྱོད་ཀྱི་ལེགས་བཤད་ཁྲི་གདུགས་གཞོན་ནུའི་དཔྱིད།།སྙིགས་འགྲོའི་བློ་མུན་སེལ་བའི་གཉེན་གཅིག་ལགས།།ཁྱད་པར་ཁྱོད་ཀྱི་མཉམ་མེད་བླ་མ་ཡི།།བསྟན་པ་མར་ཞི་དྭངས་མའི་རྒྱལ་མཚན་མཆོག།གསལ་བྱེད་བྱི་དོར་འབུམ་གྱི་གཅེས་སྤྲས་བཅས།།མི་ནུབ་སྲིད་རྩེར་བསྒྲེངས་ལ་སྙིང་ནས་གུས།།ཁྱོད་ཀྱིས་གསུངས་པའི་ཟབ་མོའི་བོན་སྡེ་ལ།།པཎ་གྲུབ་བྱེ་བས་ལེགས་པར་བརྟགས་ན་ཡང་།།གནོད་པའི་གནས་ནི་ཀུན་ནས་མ་མཐོང་ཞིང་།།དཔྱད་པ་གསུམ་གྱིས་རྣམ་པར་དག་ལ་འདུལ།།དེ་ལྟར་བསྟན་པ་རྣམ་པར་དག་པའི་ཕྱིར།།སྟོན་པ་པོ་ཡང་རྣམ་པར་དག་པས་ན།།ཁྱོད་ཉིད་ཚད་མའི་སྐྱེས་མཆོག་དམ་པ་རུ།།ཡིན་པར་ལུང་རིགས་ཚད་མ་ཀུན་གྱིས་གྲུབ།།ཅེས་གསུང་གི་ཡང་སྙིང་ལས་རྟོགས་ཐུབ་བོ།།
ཡང་ན་ཁོང་ཉིད་ཀུན་མཁྱེན་ཐོབ་པའི་སྐྱེས་མཆོག་ཅིག་ཡིན་མིན་ལ་དོགས་པ་མི་དགོས་ཏེ་བསྔགས་པ་ནི། སྨན་རིའི་ཡོངས་འཛིན་དཔོན་སློབ་བསྟན་འཛིན་རྣམ་དག་རིན་པོ་ཆེས་མཛད་པའི་རྗེ་བཙུན་རིག་པ་རང་ཤར་གྱི་ཐུགས་བསྟོད་བྱིན་རླབས་ཆར་རྒྱུན་ལས། ཕྱོགས་དུས་རྒྱལ་བ་ཀུན་གྱི་ཐུགས་དམ་མཐིལ།།རང་འབྱུང་རང་རིག་ཀ་དག་ལྷུན་གྱིས་གྲུབ།།མཐའ་བཞི་རྒྱ་གྲོལ་སྨྲ་བསམ་བརྗོད་འདས་བོན།།མངོན་གྱུར་མིའི་གཟུགས་སངས་རྒྱས་ལ་ཕྱག་འཚལ།།གསལ་སྟོང་དབྱེར་མེད་བློ་ལས་འདས་པའི་གཞི།།རྣ་བར་སོན་ཙམ་རྟོག་གེའི་ཡིད་འཁྲུགས་བྱེད།།གསལ་བ་སྟོང་དང་སྟོང་བ་གསལ་བའི་ཚུལ།།ཇི་བཞིན་གཟིགས་པ་འདི་ལས་ངོ་མཚར་གང་།།དེ་ལྟར་ཡེ་གཞི་མངོན་གྱུར་མཐར་ཕྱིན་ཚེ།།སྒྲིབ་ཚོགས་ཆགས་པའི་གཞི་བྲལ་འོད་དུ་ཟད།།ཟད་པ་མཐར་ཕྱིན་ཀུན་བཟང་ངང་དུ་བཞུགས།།ཚུལ་འདིས་ཁྱེད་ལ་བསྟོད་ཀྱི་གཞན་དུ་ཅི།།ཞེས་པ་འདིས་མ་རིག་རྨོངས་པའི་བློ་ཅན་དག་སེལ་བར་ཤོག
ད་ལྟའི་རི་ཁྲོད་གོང་མ་ནི་ཉམས་དགའ་བ་ལྗོན་པའི་ཁོང་གསེང་ན་ལྷན་མེར་མངོན་ཞིང་གོང་གི་བཞུགས་གནས་ན་ལྷ་ཁང་ཆུང་ཆུང་ཞིག་བཞེངས་འདུག  ལྷ་ཁང་གི་ནང་རྟེན་གཙོ་བོ་བཀའ་དང་ལྷ་སྐུ་སོགས་ཀྱིས་བརྒྱན་པས་མཇལ་བ་རྣམས་ཀྱི་ཡིད་སེམས་མགུ་ཐུབ། ལྷ་ཁང་གི་མདུན་དང་ཟུར་ན་རྒྱལ་ཆེན་སྡེ་བཞིའི་ཤུག་སྡོང་གི་རྩེ་མོ་དགུང་དུ་མཐོ་ཞིང་རྩ་བ་གཞི་ན་བརྟན་པས་དད་པ་དང་དམ་ཚིག་གཙང་བའི་སྐྱེས་ཆེན་ཡོངས་ཀྱིས་འདུ་ལ་མངོན་མཐོ་ངེས་ལེགས་ཀྱི་སར་གཤེགས་པའི་རྟེན་འབྲེལ་མཚོན་ཐུབ། དེའི་ཞོལ་ན་སྡེ་འདི་ལ་གནོད་པའི་ལྷ་འདྲེ་རྒྱལ་གདོན་དམ་ལ་བཏགས་ཤིང་ཟིལ་གྱིས་གནོན་པའི་མཆོད་རྟེན་ཞིག་ཡོད། དེའི་རྒྱབ་ཀྱི་རི་བྲག་འདྲེས་མའི་གནས་ནི་ཚེ་ལ་མངའ་བརྙེས་པའི་བླ་མ་ཚེ་དབང་རིག་འཛིན་གྱི་གནས་རི་ཡིན་སྐད། གནས་རིའི་མདུན་གྱི་རྩ་བ་ན་ཀུན་མཁྱེན་ཁོང་གི་ཐུན་ར་ཡོད་ལ་གཡས་ཀྱི་རི་རྒྱུད་ན་ཐོད་རྒལ་ཉམས་ལེན་བྱེད་སའི་ལྡིང་ཆ་མངའ། ད་ལྟའི་རི་ཁྲོད་དྲང་སྲོང་དགྱེས་པའི་སྐྱེད་ཚལ་ན་སྐམ་ཚང་བླ་མ་ཡེ་ཤེས་རང་ཤར་དང་སྐུ་ཞབས་པ་

རི་ཁྲོད་བར་མ༼དགེ་ཐང་པདྨ་རྒྱས་པའི་དགའ་ཚལ༽ནི་ཤར་རྫ་རིན་པོ་ཆེའི་ཁོང་དགུང་གྲངས་དོན་ལྔའི་སྟེང་གསར་དུ་བཟུང་། དེའི་སྐབས་སུ་གནས་གཞི་རྒྱ་ཆེར་དར་ཞིང་རྒྱས་པར་མཛད་དོ།། ད་ལྟ་ཡང་ཧ་ཅང་རྒྱས་ལ་ལྷ་ཁང་དང་གྲྭ་པ་གནས་ཁང་སོགས་མང་པོ་ཡོད། ཤར་རྫ་རིན་པོ་ཆེའི་རྒྱལ་ཚབ་གཉིས་པ་ངེས་དོན་གྱི་བྱ་བྲལ་བ་ཆེན་པོ་བླ་མ་མཐུ་སྟོབས་རྣམ་རྒྱལ་རིན་པོ་ཆེ་དང་རི་ཁྲོད་ཀྱི་མཁན་པོ་མཁས་བཙུན་བཟང་གསུམ་གྱིས་ཐུགས་རྒྱུད་ཕྱུག་པའི་གཤེན་གྱི་དགེ་སྦྱོང་བ་ཆེན་པོ་འཇིགས་མེད་དབང་ཕྱུག་མཆོག་གཙོ་མཛད་པའི་གཞན་གྱི་དགོན་ཁག་སུམ་ཅུ་ལ་ཉེ་བའི་བླ་གྲྭ་བརྒྱ་དང་ལྔ་བཅུ་ལྷག་བཞུགས་ཡོད།
རི་ཁྲོད་བར་མའི་ཞོལ་ན་དུར་ཁྲོད་ཅིག་ཡོད་ལ་དུར་ཁྲོད་དེ་རང་གི་ཁྱད་བོན་ཡོངས་སུ་རྫོགས་སྐད། ད་ལྟ་སྡེ་འདི་ལ་དད་པའི་རུ་སྡེ་ཐག་རིང་ཐུང་གཉིས་ཀའི་ཕྱོགས་ཀྱི་བེམ་རོ་མང་པོ་འཁྱེར་ཡོང་བཞིན་ཡོད་ལ་རྣམ་ཤེས་ཀྱི་ཚོགས་དག་ཞིང་དུ་འདྲེན་སྟོན་བྱེད་མཁན་སྡེ་འདི་ལས་མ་མཆིས་སོ།།
རི་ཁྲོད་འོག་མ༼རབ་ཞི་འོད་གསལ་ཐང༽ནི་ཤར་རྫ་རིན་པོ་ཆེ་འཇའ་ལུས་འཕོ་ཆེན་དུ་གཤེགས་སའི་གནས་ཡིན་ལ། ད་ལྟ་གནས་ཤུལ་ན་མཆོད་རྟེན་ཞིག་དང་དེ་འབྲེལ་གྱི་རྒྱལ་ཚབ་བློ་གྲོས་རྒྱལ་མཚན་གྱི་གདུང་རྟེན་དང་ཉག་བླ་གཡུང་དྲུང་བསྟན་འཛིན་གྱི་ཚ་ཁང་སོགས་སུམ་འབྲེལ་དུ་གནས་ཡོད། དེ་དང་མི་རིང་བའི་ས་ན་ཉག་བླ་གཡུང་དྲུང་བསྟན་འཛིན་གྱི་གདུང་ཚའི་རྟེན་མཆོག་གཟི་བྱིན་གྱིས་མཆིས། ད་ལྟ་ལྷ་སའི་ཕྱོགས་ཀྱི་གྲྭ་པ་གཡུང་དྲུང་ཚུལ་ཁྲིམས་བཞུགས་ཡོད།
རི་ཁྲོད་གོང་འོག་བར་གསུམ་ནི་གནས་རི་བྱིན་ཅན་གྱེར་ཟ་གཡུང་དྲུང་ལྷུན་པོའི་མདུན་ཡོད་ལ། དེ་ནི་ཁྲོ་བོ་གཙོ་མཆོག་གི་གནས་རི་ཡིན་སྐད།
གནས་ཀྱི་བཀོད་པ་མདོར་གླེང་ན། གྱེར་ཟ་ལྷུན་པོའི་རི་རྩེ་ན་གངས་དཀར་རྒྱལ་མོས་དབུ་འཕང་ངོམས་ཤིང་སྐྱེ་བོའི་མིག་གི་དགའ་བ་འཕྲོག  གྱེར་ཟ་ལྷུན་པོའི་རི་སྟོད་ན་རྫ་རི་ཁྲ་མོ་མདངས་ཀྱིས་མཛེས་ཤིང་རི་དྭགས་ཚོགས་ཀྱི་བྲོ་གར་རྩེན། གྱེར་ཟ་ལྷུན་པོའི་རི་སྐེད་ན་སྤང་ལྗོངས་གཡུ་ལོའི་འཕྱོར་སྒེག་ངོམ་ཞིང་གཡུང་དྭགས་སྲོག་ལྡན་ངང་གིས་རྒྱུ། གྱེར་ཟ་ལྷུན་པོའི་ཉེ་མདུན་ན་རྫ་ཆུ་སྔོན་མོ་གཡས་སུ་འཁྱིལ་ཅིང་ཆུ་གནས་ཐམས་ཅད་འཁྱུག་ཅིང་འཕྱོ།
གནས་འདི་ན་ལན་རེ་འཇའ་ཚོན་གྱི་རེ་ཁཱ་འོད་དུ་གྲུབ་ཅིང་ཉི་མའི་དྲ་བ་དང་དྲ་གུར་ཕྱོགས་སུ་མཛེས། སྐབས་རེར་རྔ་གཤང་དུང་གླིང་གི་རོལ་མོ་རྩོལ་མེད་དུ་གྲགས༼འདི་ནི་མཐོང་བ་དང་ཐོས་པའི་སྐྱེས་བུ་ཁ་ཤས་ཀྱི་ངག་ལས་ཐོས༽པའི་གནས་རི་འདིའི་ནང་རོལ་ན་དཔའ་བོ་མཁའ་འགྲོ་དང་རྩ་གསུམ་ལྷ་ཚོགས་ངང་གིས་བཞུགས། དགེ་བཅུའི་ཕུན་ཚོགས་ཀྱི་དཔལ་མངའ་བའི་གནས་རི་འདི་ལ་ཐུན་མིན་ཁྱད་བོན་ཞིག་ཡོད་པ་ནི་སྔ་དྲོ་ཉི་མའི་མདངས་ལེན་ཞིང་ཕྱི་དྲོ་ཉི་མའི་ཟེར་སྡུད་པའི་ས་དཔྱད་ལ་སོགས་ལེགས་པར་གྲུབ།
དེ་ཡང་རྣམ་ཐར་ལས། ཡུལ་ཕྱོགས་ཕུན་ཚོགས་དགེ་བཅུའི་དཔལ་མངའ་ཞིང་།།ས་ཡི་དཔྱད་ལེགས་ཉམས་དགའ་རིག་པ་དྭངས།།འདུ་འཛིའི་སྐྱོན་བྲལ་མཐུན་རྐྱེན་ཀུན་ཚང་བའི།།དབེན་གནས་འདི་འདྲ་མཆོག་ཏུ་རྙེད་པ་དཀའ།།ཕྱི་ལྟར་དབེན་པའི་གནས་མཆོག་དགའ་བའི་ཚལ།།ནང་ལྟར་དཔའ་བོ་མཁའ་འགྲོ་འདུ་བའི་ཡུལ།།གསང་བ་རྩ་གསུམ་ལྷ་ཚོགས་བཞུགས་པའི་གནས།།རྣམ་འབྱོར་ཅན་ངོར་ཆེད་དུ་བཀོད་པ་སྙམ།།ཞེས་གསུངས་སོ།།
གནས་མཆོག་འདི་ནི་གངས་ཅན་བོད་ཀྱི་གནས་རི་བྱིན་ཅན་ཐུགས་སྤྲུལ་བོན་རིའི་ཆ་ཀུན་ནས་མཚུངས་ཤིང་གངས་ལྗོངས་ཀྱི་མཛེས་རྒྱན་དུ་གྱུར་འདུག་པས་ངོ་མ་ཉམས་དགའ་ཡིད་འོང་གི་གནས་མཆོག་འདི་ལ་འོག་མིན་ཞེས་འབོད་པ་དེ་ཡང་བཏགས་པ་ཙམ་མིན་ལ་གནས་འདིའི་ཕུན་ཚོགས་སེམས་ཀྱིས་མྱང་ཐུབ་མཁན་ཞིག་ཡིན་ན་རང་ཉིད་སུ་ཡིན་ཡང་བདེ་བའི་དག་ཞིང་ཞིག་ལ་འཁྲིད་ཐུབ་པ་གདོན་མི་ཟའོ།།
༼བཤད་སྒྲུབ་སྒོམ་གསུམ་སྐོར་གླེང་བ༽
སྔ་མོ་རྗེ་ཉིད་ཀྱི་སྐུ་རིང་དུ་ཐོས་བསམ་སྒོམ་སྒྲུབ་ཀྱི་བྱ་བ་རྒྱ་ཆེར་བྱས་ཚུལ་ནི་རྣམ་ཐར་ལས།དེ་ནས་བཟུང་རི་ཁྲོད་དུ་ལོ་བསྟར་གྱིས།དཔྱིད་ཟླ་གསུམ་ལ་སྔོན་འགྲོ་དང་དངོས་གཞིའི་ཁྲིད་དང་།དབྱར་ཟླ་གསུམ་ལ་གཞུང་དོན་འགྲེལ་བཤད་དང་།སྟོན་ཟླ་གསུམ་ལ་འབྱོར་བ་དང་བསྟུན་པའི་སོ་སོའི་བསོད་སྙོམས་བྱས།དགུན་ཟླ་གསུམ་ལ་བློ་སྦྱངས་དང་།སྔོན་འགྲོའི་བསགས་སྦྱངས་རིགས།རྩ་གསུམ་སོ་སོའི་བསྙེན་པ།རྩ་རླུང་སྐོར།རིགས་དྲུག་རང་སྦྱོངས།ཨ་རྫོགས་སྙན་གསུམ་གྱི་དངོས་གཞིའི་ཉམས་ལེན་སོགས།རྗེ་བླ་ཉིད་ནས་ཐུགས་ཁུར་གནང་ནས་ཁྲིད་གཉེར་བ་སོ་སོར་བསྐོས་ཏེ་སྐུ་ཚེ་མ་ཡོལ་བར་དེ་སྲིད་དུ་རྒྱུན་ཆད་མེད་པར་བྱུང་བར་སྣང་ངོ།།ཞེས་གསུངས།
འདི་ལྟ་བུའི་སློབ་སྦྱོང་བྱེད་ཐབས་ངོ་མཚར་བ་ཡོད་པས་རྗེ་ཉིད་ཀྱི་སློབ་མ་རྣམས་རང་སར་གྲོལ་བ་མ་ཡིན་ནམ།གནས་འདི་ནས་ཉམས་ལེན་གྱི་སྒོམ་པ་ཀློང་དུ་བརྡོལ་བའི་རྣལ་འབྱོར་བ་དང་།གནས་ལྔ་རིག་པའི་མཛོད་ལ་དབང་འབྱོར་བའི་པཎིཌ་ཏ་སོགས་རྒྱུ་སྐར་ཁྲོད་ཀྱི་ཉ་གང་བཞིན་བྱོན་པ་བགྲང་ལས་འདས་སོ།།
དེ་ལྟར་གྲངས་སུ་ཉུང་ཙམ་བརྗོད་ན།གཏེར་ཆེན་གསང་སྔགས་གླིང་བ་དང་།རྒྱལ་ཚབ་དམ་པ་དབོན་བློ་གྲོས་རྒྱ་མཚོ།དབྲ་སྲས་འཇའ་ལུས་པ་ཆེན་པོ་ཟླ་བ་གྲགས་པ།མཁས་ཤིང་གྲུབ་པའི་དབང་པོ་ཚུལ་ཁྲིམས་བསྟན་པའི་རྒྱལ་མཚན།བྱ་བཏང་ཚེ་དབང་འགྱུར་མེད།རིག་འཛིན་ཧཱུཾ༔ཆེན་འགྲོ་འདུལ་གླིང་བ།རྫ་ཆུ་འཕྲེད་དུ་གཅོད་མཁན་གྱི་རབ་བླ་ལྷ་མགོན།མ་ཧཱ་པཎིཌ་ཏ་དབྲ་སྟོན་སྐལ་བཟང་བསྟན་པའི་རྒྱལ་མཚན་སོགས་ནི་ཉི་ཟླའི་གཟི་བྱིན་དུ་འགྲན་པའི་རང་གྲོལ་གྱི་སྐྱེས་ཆེན་ཡིན་ལ།ལོ་རྒྱུས་ཀྱི་བླ་སྲོག་ཏུ་གྲུབ་པའི་ཉམས་མེད་ཀྱི་རྡོ་རིང་རེད།
ད་ལྟ་ཡང་སྲོལ་རྒྱུན་མ་ཉམས་པ་ཡོད་ལ་བཤད་གྲྭ་བ་རྣམས་ཀྱི་སྦྱང་བྱའི་སྐོར་ལ།ལོ་དང་པོར་སྔོན་འགྲོ་བཀའ་ལུང་རྒྱ་མཚོའི་ཁྲིད་སྒོམ་ཟུང་འབྲེལ་བྱས་ནས་རྒྱས་ཁྲིད་དང་སྡེ་སྣོད་མཛོད་མདོ་ཕྱོགས་ལེའུ་བདུན་ཡན་ཆད།བོན་འཆད་མཁས་པའི་མགུལ་རྒྱན་གྱི་ཁྲིད།སྡེ་སྣོད་མཛོད་རྩ་བ་ལེའུ་བདུན་དང་སྔོན་འགྲོ་བོན་འཆད་གཉིས་ཀྱི་ས་བཅད་དང་གྲངས་འདྲེན་རྣམས་བློ་རྒྱུགས་ཕུལ་དགོས།ཡིག་གཟུགས་དང་བརྡ་སྤྲོད་པའི་གཞུང་དག་ཡིག་ལྷ་ཆབ་འཁྱིལ་བ་བཅས་ལ་བསླབ་དགོས།དགུན་ཁར་སྔོན་འགྲོའི་བསགས་སྦྱོང་སྐོར་འབུམ་དགུ་ཚད་ལྡན་ཞིག་འགྲོ་དགོས།
ལོ་གཉིས་པར་སྡེ་སྣོད་མཛོད་མདོ་ཕྱོགས་ལེའུ་བཞི་དང་སྐྱབས་འགྲོ་ཉི་ཤུ་བ།བྱང་སེམས་ལྔ་བཅུ་བ།འདུལ་བའི་བསླབ་བྱ་ནོར་བུའི་འཕྲེང་བ།བརྡ་སྤྲོད་ཉི་ཤུ་བདུན་པ།གཤེན་རྩིས་བཅས་སྦྱང་དགོས།སྡེ་སྣོད་མཛོད་རྩ་བ་ལེའུ་བཞི་དང་བརྡ་སྤྲོད་པའི་རྩ་བ།རྩིས་ཀྱི་སྔོན་འགྲོ་བཅས་བློ་རྒྱུགས་སྤྲོད་དགོས།དགུན་ཁར་དངོས་གཞི་རྫོགས་པ་ཆེན་པོ་ཡང་ཏིག་དང་འཕོ་བ་སྦྱང་དགོས།
ལོ་གསུམ་པར་ལུང་རིགས་མཛོད་དང་།སྙན་ངག་གཙང་གཤེན་དགོངས་རྒྱན།ཐེག་དགུའི་གྲུབ་མཐའི་རྣམ་བཞག་བློ་རྒྱུགས་ཕུལ་དགོས།
སྒྲུབ་གྲྭ་བ་རྣམས་ཀྱིས་ལོ་དང་པོ་ལ་ཨ་ཁྲིད་ཐུན་མཚམས་བཅོ་ལྔ་དང་བཀའ་ལུང་རྒྱ་མཚོ་གང་རུང་།སྡེ་སྣོད་མཛོད་མདོ་ཕྱོགས།སྡོམ་གསུམ་གྱི་སོ་བྱང་གཉིས།དགུན་ཁར་འབུམ་དགུ་དང་འཕོ་བ་ཞི་གནས་ལྷག་མཐོང་གི་ཁྲིད་བཅས་གྲུབ་དགོས།

    ལོ་གཉིས་པ་ལ་སྡེ་སྣོད་མཛོད་སྔགས་ཕྱོགས་དང་སྡོམ་གསུམ་སྔགས།ལྷ་གཉེན་ཤེལ་སྒོང་། དགུན་ཁར་རྩ་རླུང་བཅུད་ལེན། རྩ་གསུམ་བསྙེན་པ་བཅས་གྲུབ་དགོས།
    ལོ་གསུམ་པ་ལ་སྡེ་སྣོད་མཛོད་རྫོགས་ཆེན་སྐོར། ཀུན་བཟང་སྙིང་ཏིག   ཨ་ཁྲིད་རྗེས་བཞག་གི་སྐོར།དགུན་ཁར་རིགས་དྲུག་རང་སྦྱོང་མུན་མཚམས་ཐོད་རྒལ་བཅས་གྲུབ་དགོས།
    སྒོམ་གྲྭ་བ་རྣམས་ཀྱིས་དུས་རྒྱུན་པར་ཐུན་བཞིའི་ཉམས་ལེན་དང་མ་འབྲལ་བ་ཞིག་དགོས་པ་གཞི་བཞགལོ་དང་པོ་དབྱིངས་རིག་མཛོད་སྔ་དུམ།རིགས་དྲུག་རང་སྦྱོང་།འཁོར་འདས་རི་ཤན་བཅས་གྲུབ་དགོས།
     ལོ་གཉིས་པ་ལ་རིགས་ལྔ་བདེ་གཤེགས་འདུས་པའི་བསྙེན་མཚམས་ཚད་ལྡན།ལོ་གསུམ་པ་དབྱིངས་རིག་མཛོད་ཀྱི་ཕྱི་དུམ།མུན་མཚམས་ཐོད་རྒལ་གཉིས་བཅས་གྲུབ་དགོས།
     འདི་ལྟར་ལོ་གསུམ་གྱི་སྦྱང་བྱ་ཁས་ལེན་བྱས་པའི་སྦྱང་མི་བདུན་ཅུ་ལྷག་ཡོད་ལ་ཟུར་སྦྱང་བྱེད་མི་བརྒྱད་ཅུ་ལྷག་འདུགལོ་གསུམ་གྱི་སྦྱང་བ་དམ་བཅའ་བྱེད་མི་བདུན་ཅུ་ལ་ཟླ་རེ་ཟ་མ་སྤྲོད་བཞིན་ཡོད་ལ།སྤྲོད་མཁན་ནི་སྙིགས་དུས་ཀྱི་རྒྱལ་སྲས་དམ་པ་བྱ་དཀའ་བའི་འཚོ་བ་ལ་དངོས་སུ་འཇུག་པའི་ངེས་དོན་གྱི་སེམས་དཔའ་ཆེན་པོ།སྣང་བཞིའི་ཉམས་ལེན་ལ་དབང་འབྱོར་བའི་རྣལ་འབྱོར་བ།ཡོངས་གྲགས་ཀྱི་མཚན་ནས་སྨྲས་ན་ཤུག་ཏོག་བླ་མའམ་གྲུབ་རྗེ་ནམ་མཁའ་རྒྱལ་མཚན་ཁོང་རེད།ཁོང་གིས་སྡེ་འདིའི་བསྟན་པའི་ཆད་དུ་བྱ་བ་གང་མང་ཞིག་བསྒྲུབས་ཟིན་ལ་ད་ལྟ་ཡང་སྒྲུབ་བཞིན་ཡོད་པ་ནི་ལོ་གསུམ་གྱི་རིང་ལ་ཟ་མ་སྤྲོད་རྒྱུ་ལས་གཞན་ད་རུང་ལྷ་ཁང་ཞིག་བཞེངས་རྒྱུ་སྟ་གོན་བྱེད་བཞིན་ཡོད།དེས་དྲིན་གྱིས་སྟོན་ཟླ་གསུམ་ལ་བསོད་སྙོམས་སུ་འགྲོ་མ་དགོས་པ་དང་དེའི་རིང་ལ་གྲོགས་ཀྱི་འདུན་མ་བོན་རིན་པོ་ཆེ་ལ་གཏོད་བཞིན་མཆིས།
       སྡེ་འདི་ལ་གནས་པའི་རི་ཁྲོད་པའམ་སློབ་གཉེར་བ་རྣམས་ལ་སྤངས་བསྒྱུར་གྲོལ་གསུམ་གྱི་གདམས་པ་སྟོན་མཁན་སྙིགས་དུས་ཀྱི་ཤར་རྫའི་གདུང་སོབ་ཆེན་པོ་རྒྱལ་ཚབ་དམ་པ༧བླ་མ་མཐུ་སྟོབས་རྣམ་རྒྱལ་ཚང་དང་བསླབ་གསུམ་གནས་ཀྱིས་ཕྱུག་པའི་མཁན་པོ་འཇིགས་མེད་དབང་ཕྱུག་ཚང་གཉིས་ཀྱིས་གཙོ་ཁྲིད་བྱེད་པ་དང་།ཉག་རོང་མི་ནུབ་དགོན་པའི་མཁན་པོ་གཞུང་ལུགས་ཀུན་ལ་སྤྱན་དཀྱིས་ཡངས་པའི་དྲང་སྲོང་རིག་འཛིག་དབང་རྒྱལ་དང་ཡེ་ཤེས་དགོན་གྱི་གྲྭ་བཙུན་ཉི་མ་བསྟན་འཛིན་ཟུང་གིས་ཟུར་ཁྲིད་མཐའ་རྒྱན་ནས་གནས་འདིའི་བསྟན་པ་བླ་ལྷག་ཏུ་དར་བཞིན་ཡོད།
      དཔེ་ཁྲིད་ཀྱི་འགྲོ་རིམ་ནི་ལོ་ཟླ་དང་པོའི་ཚེས་བཅུ་ཉིན་ཡར་མར་ནས་དབུ་བཟུང་ནས་གཟའ་ཟླ་བ་ནས་སྤེན་པའི་བར་དུ་སྔོ་དྲོ་གཞུང་ཁྲིད་དང་ཕྱི་དྲོ་ཆུ་ཚོད་གསུམ་པའི་སྟེང་ཟུར་ཁྲིད།ཆུ་ཚོད་ལྔའི་སྟེང་འཆད་ཁྲིད་རྒྱུགས་ལེན་དང་དྲི་བ་དྲིས་ལེན་བྱེད་དགོས།གཟའ་ཉི་མའི་ཉིན་ངལ་གསོ།དགུན་ཁའི་བར་འདི་ལྟར་འགྲོ་དགོས་ལ་ཐུན་བཞིའི་ཉམས་ལེན་ཆགས་མེད་དུ་འབད་དགོས།དགུན་ཁའི་སྐབས་སུ་རང་རང་གི་འོས་འགན་དང་བསྟུན་པའི་རྩ་རླུང་ལ་འདུག་མཁན་རྩ་རླུང་དུ་བཞུགས་ནས་ཆུ་རས་རླུང་རས་རྒྱབ་ཐུར་བཅུད་ལེན་བཅས་ལེགས་པར་གྲུབ་པ་དང་།བསགས་སྦྱང་བ་ཚོས་བསགས་སྦྱང་བྱེད་ནས་འཕོ་བ་སོགས་གྲུབ་དགོས།མུན་མཚམས་ལ་འདུག་མཁན་དང་རིགས་དྲུག་རང་སྦྱོང་དུ་འདུག་མཁན་ཐོད་རྒལ་ཉམས་ལེན་བྱེད་མཁན་སོགས་ཀྱིས་རང་རང་གི་བྱ་བ་ནན་ཏན་དུ་འབད་ནས་མཁན་པོ་ཚོའི་ཐུགས་ཟིན་པར་འབད།
      འདི་ལྟ་བུའི་སློབ་སྦྱོང་དགེ་བའི་གྲོགས་སུ་སོང་བའི་རྐྱེན་གྱིས་གནས་འདི་ན་གཞུང་ལུགས་རབ་འབྱམས་སྨྲ་བའི་མཁས་པ་ཡོད་ལ་བསླབ་པ་གསུམ་གྱིས་ཐུགས་རྒྱུད་ཕྱུག་པའི་བཙུན་པ་མངའ།འགྲོ་དོན་གོས་སུ་གྱོན་པའི་བཟང་པོ་ལྡན་ལ་འཁོར་བའི་འདུ་འཛི་དོར་བའི་བྱ་བཏང་མཆིས།རིམ་གཉིས་རྒྱལ་ས་ཟིན་པའི་རྟོགས་ལྡན་ཡོད་ལ་སྣང་བཞིའི་ཟབ་སར་སྨིན་པའི་རྣམ་འབྱོར་གྲུབ།འདི་ལྟར་ལྡན་པས་ད་ལྟ་ཡང་གནས་འདིའི་མཚན་སྙན་འཛམ་གླིང་གི་ཁྱོན་ན་གཡུ་འབྲུག་བཞིན་གྲགས་ཤིང་མཛོད་ཆེན་ལྔའི་བསྟན་པ་ཉི་འོད་ལྟར་ཁྱབ།
     རྩ་རླུང་བཞུགས་གནས་ནི་རི་ཁྲོད་བར་མའི་གསས་ཁང་དེ་ཡིན་ལ་དེའི་བདག་གཉེར་མཁན་ནི་དབྲ་སྲས་ཡིད་བཞིན་ནོར་བུ་དབང་རྒྱལ་རེད།གསས་ཁང་འདིའི་ནང་རྟེན་སྐོར་ལ་དཔེ་རྙིང་དུམ་བུ་ཉིས་བརྒྱ་དང་རྒྱལ་བའི་བཀའ་འགྱུའ་ཚར་གཉིས།བརྟེན་འགྱུར་ཚར་གཅིགགསེར་སྐུ་བཞི་བཅུ།གསེར་དངུལ་དྲ་མའི་མཆོད་རྟེན།ཀུན་མཁྱེན་གསུང་འབུམ་གྱི་པར་ཤིང་དང་གཞན་པའི་པར་ཤིང་སྟོང་ལྡེབས་དྲུག་ལྷག་ཡོད།ཤར་རྫ་རིན་པོ་ཆེའི་སྐུ་ང་འདྲ་མ།ཀུན་མཁྱེན་གྱི་དབུ་སྐྲ་དང་ཕྱག་སེན།ཀུན་མཁྱེན་ཁོང་གི་ཕྱག་འཁོར༼ཁྲོ་སྐྱབས་རྒྱལ་པོས་ཕུལ༽།ཀུན་མཁྱེན་ཁོང་གི་ཞལ་འདོན།གཤེན་ཆེན་ཀླུ་དགས་གཏེར་ནས་བཏོན་པའི་གསེར་སྐུ།དབྲ་སྲས་ཟླ་བ་གྲགས་པའི་སྐྲ་དང་སེན་མོ།དབྲ་སྲས་ཁོང་གིས་དངོས་སུ་བཞེངས་པའི་རྟེན་ཕུར།དྲེགས་པ་ཀླུ་འདུལ་གྱི་གསེར་སྐུ༼འདི་ལ་ངོ་མཚར་བའི་བཤད་རྒྱུན་ཞིག་ནི་ད་སྐབས་ལན་རེ་ལ་སྐུ་མདོག་འགྱུར་པར་བཤད༽།སྙན་བརྒྱུད་བླ་མ་བཀྲ་ཤིས་རྒྱལ་མཚན་གྱི་དབུ་ཐོད།མཁའ་འགྲོ་མའི་དབུ་ཐོད།དབུ་ཐོད་གཉིས་ཀྱི་ཐོག་ཏུ་གཡུང་དྲུང་དང་ཨ་དཀར་རང་བྱོན་ཡོད།རྒྱལ་ཚབ་བློ་གྲོས་རྒྱལ་མཚན་གྱི་ཕྱག་ཐམ་དང་སྐུ་གདུང་།མཁའ་འགྲོ་དབང་མོས་གཏེར་ནས་བླངས་པའི་སིལ་སྙན།ཁྱུང་པོ་ཉི་མ་ཚུལ་ཁྲིམས་ཀྱི་སྐུ་གདུང་སོགས་ནང་རྟེན་སྲིད་ན་དཀོན་པའི་རིགས་མང་དུ་ཡོད།
     གནས་འདིའི་བཤད་རྒྱུན་དུ་རྩ་རླུང་གི་མཚམས་ཀྱི་སྐབས་སུ་དགུན་འཇུག་ཡིན་ཡང་གནས་འདི་ན་རྩྭ་སྔོན་མང་པོ་མཐོང་རྒྱུ་ཡོད་ལ་རྫ་ཆུ་སྔོན་མོ་ཡང་གནས་འདིའི་ཐད་ཀ་ནས་འཁྱག་ལ་འདུག་པའི་དུས་ཚོད་དབེན་ཟེར།ངོ་མ་བཤད་རྒྱུན་ལ་རྒྱུས་ལོན་བྱས་ན་གནས་འདིའི་སྟོད་སྨད་དུ་རྫ་ཆུའི་འཁྱག་དར་མཐོང་རྒྱུ་ཡོད་ལ་འདིའི་བར་ན་འཁྱག་དར་མཐོང་རྒྱུ་དབེན་པར་ལྟོས་ན་བཤད་རྒྱུན་ལས་ངེས་ཤེས་ཟབ་མོ་ཞིག་རྙེད་ཐུབ།མེ་ཕག་ལོ་ལྟ་བུ་ཞིག་ཡིན་ན་རྩ་རླུང་ལ་འདུག་མཁན་མི་བཞི་བཅུ་ལྷག་ལ་ཉེ་བ་ཞིག་བཞུགས་ཡོད་ལ་དེ་ཚོར་དེའི་ནུས་ཤུགས་མེད་ཅེས་སུ་ཞིག་གིས་སྨྲ་ཕོད་དམ།རང་ཉིད་ཀྱི་སེམས་སུ་དེ་ལྟ་བུའི་ཚོར་སྣང་ཞིག་བྱུང་ལ་རྩ་རླུང་གྲོལ་རྗེས་གནས་འདི་ལ་འཁྱག་རླུང་རབ་ཏུ་ལྡིང་མགོ་ཚུགས་སོང་།
       ཞོར་དུ་ཟླ་བའི་ཉ་ལ་གསོ་སྦྱོང་དང་སྟོང་ལ་ཚོགས་འཁོར་བྱེད་པ་དང་།བོད་ཟླ་བཞི་བའི་ཚེས་བཅུ་གསུམ་ཉིན་ནི་ཀུན་མཁྱེན་འཇའ་ལུས་པ་ཆེན་པོ་ཤར་རྫ་བཀྲ་ཤིས་རྒྱལ་མཚན་མཆོག་འཇའ་ལུས་འཕོ་ཆེན་དུ་ཕེབས་པའི་ཉིན་མོ་ཡིན་ལ་དེའི་ཉིན་གཉིས་ལ་རི་ཁྲོད་པ་རྣམས་ཚོ་གཉིས་བྱས་ཏེ་རི་ཁྲོད་གོང་བར་གཉིས་ནས་རིགས་ལྔ་བདེ་གཤེགས་འདུས་པའི་ཚོགས་འཁོར་འབུལ་བ་ནི་སྔར་སྲོལ་མ་ཉམས་པར་གནས་ཡོད།
     བོད་ཟླ་བཅུ་གཉིས་པའི་ཚེས་བཅོ་ལྔ་ནི་རི་ཁྲོད་འདིའི་དགའ་སྟོན་ཚོགས་འཁོར༼རྩ་གསུམ་ཚོགས་འཁོར༽ཡིན་ལ་མིང་ཡང་དོན་དང་འབྲེལ་བ་ཕུན་ཚོགས་ཀྱི་དཔལ་ཡོན་རྟག་ཏུ་མངའ་བའི་མིང་ཞིག་རེད།འདིའི་ཉིན་ནི་ལོ་གཅིག་གི་བཤད་སྒྲུབ་སྒོམ་གསུམ་གྱི་མཛད་པ་མཐར་རུ་ཕྱིན་པའི་ཉིན་མོ་ཡིན་ལ་མེ་ཕག་ལོའི་ཉིན་འདི་ལ་གནས་འདིའི་རི་ཁྲོད་པ་ཡོངས་དང་སྙིགས་དུས་ཀྱི་བྱ་དཀའ་བའི་འཚོ་བ་ལ་དངོས་སུ་ཞུགས་པའི་གྲུབ་རྗེ་ནམ་མཁའ་རྒྱལ་མཚན་ཡང་གདན་འཛོམ་བྱུང་ནས་ཚོགས་འཁོར་དགྱེས་སྟོན་གྱི་མགོ་མཇུག་ལེགས་པར་གྲུབ།སྔ་མའི་སྲོལ་མ་ཉམས་པའི་སྒོ་ནས་དེའི་ཚེས་བཅུ་དྲུག་ནས་ཉེར་གཅིག་བར་ཨ་དཀར་བོན་སྒྲུབ་ཚོགས་སྲོལ་ཡོད།

     མེ་ཕག་ལོའི་ཨ་དཀས་བོན་སྒྲུབ་ཚོགས་པའི་སྐབས་སུ་གྲུབ་རྗེ་ཁོང་དང་བླ་མ་མཁན་པོ་དགེ་བཤེས་གྲྭ་པ་སོགས་མང་པོ་ཚོགས་ནས་ཨ་དཀར་སྒྲུབ་གཞུང་གསུང་མཚམས་ནས་དེར་འདུས་ཀྱི་མི་སྐྱ་ཕོ་མོ་མང་པོ་དང་ལྷན་གཅིག་ཏུ་ཨ་དཀར་སྙིང་པོ་དབྱངས་སུ་གྱེར་དགོས།ཉིན་མཚན་དུས་དྲུག་ལ་གྱེར་དབྱངས་ཆད་མི་ཉན་པ་ནི་སྡེ་འདིའི་ལུགས་སྲོལ་རེད།སྐྱ་སེར་མང་པོ་གཞི་འཛོམ་ས་ནས་བླ་མ་དང་མཁན་པོ་རྣམས་ཀྱིས་དགེ་སྒྲུབ་སྡིག་སྤོང་དང་འབྲེལ་བའི་བོན་གཞུང་གཙང་མའི་བཀའ་རྣམས་འཆད་ཅིང་འཆད་པ་ལ་ཡང་ཕན་ཐོགས་ཆེན་པོ་བྱུང་འདུགཚེ་ཐར་དང་སྲོག་བསླུ་བྱེད་མཁན་མང་པོ་བྱུང་བ་དང་།གྲྭ་པ་བྱེད་མཁན་དང་ཇོ་མོ་བྱེད་མཁན་ཡང་མང་པོ་འདུག
    གཞན་བསགས་སྦྱང་དགེ་སྒྲུབ་ཁས་ལེན་མཁན་ཡང་མང་པོ་ཡོད་པ་ནི་སྔ་མའི་སྲོལ་བཟང་པ་དང་རྗེས་མས་རྩིས་ཆེན་དང་གཙུག་ཆེན་བྱེད་པའི་གོ་རིམ་ཁྲོད་བྱུང་བ་མ་ཡིན་ནམ།ཚེས་ཉེར་གཅིག་ཉིན་ཟློས་མཆོག་གི་དབང་བསྐུར་བ་དང་བྱང་བུ་བཞུ་བ།བསྔོ་བ་སྨོན་ལམ་བྱེད་ནས་མཇུག་ལེགས་པར་གྲུབ་པ་ཡིན་ལ།མཆོད་གནས་བྱེད་མཁན་རི་ཁྲོད་ཀྱི་ཉེ་འགྲན་ན་ཡོད་པའི་རབ་ལེགས་གྲོང་ཚོ་དང་།ཟམ་ཁ་གྲོང་ཚོ།བདེ་སྣང་གྲོང་ཚོ།བྱང་ཐང་གྲོང་ཚོ།བ་ཐང་གྲོང་ཚོ་སོགས་རེད།འདི་ནི་མི་ཡུལ་གྱི་འོག་མིན་དུ་འབོད་པའི་རི་ཁྲོད་ཅིག་གི་དགེ་མཚན་ཡིན་ལ།འཕོ་ཆེན་འཇའ་ལུས་པ་ཞིག་གིས་ང་ཚོ་ལ་གཏད་པའི་སེམས་ཀྱི་དག་ཞིང་རེད།
༼མཇུག་གཏམ༽
འདི་ནི་ངས་ཐོས་ཚོད་དང་མཐོང་ཚོད་ལས་གྲུབ་པའི་འཁོར་བསྐྱོད་ཅིག་གི་ཟིན་ཐོ་ཙམ་ལས་འདི་མ་གཏོགས་བླ་མེད་ཀྱི་བྱ་བཞག་མེད་པ་གང་ནས་ཡིན།གནས་འདིའི་འགྲེལ་བཤད་རྒྱས་པ་གཟིགས་འདོད་ན་གནས་ཡིག་ལ་ལྟོས་དང་ཡིད་ཆེས་ཀྱི་ལྟད་མོ་དེ་ན་མཆིས།ཁ་དགེཞལ་བྲོ།བཀྲ་ཤིས་བདེ་ལེགས་ཤོག
ས་བྱི་ལོའི༼༢༠༠༨༽ཟླ་དང་པོའི་ཚེས་བཅུ་གཅིག་ཉིན་མི་ཡུལ་གྱི་འོག་མིན་དུ་འབོད་པ་ཤར་རྫའི་རི་ཁྲོད་བར་མ༼དགེ་ཐང་པདྨ་རྒྱས་པའི་དགའ་ཚལ༽ནས་སྨྲ་སེང་དཀར་པོ་གཅིག་ཏུ་སྒྲུབ་པའི་ཐུན་མཚམས་སུ་བྲིས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།