ངེས་དོན་གྱི་གྲོང་རྡལ་ཉུལ་བའི་ཡུལ་སྐོར་བ།

ངེས་དོན་གྱི་གྲོང་རྡལ་ཉུལ་བའི་ཡུལ་སྐོར་བ།
ཆོས་འཁོར་ཚང་ཉི་མ་འོད་ཟེར།

སྣང་རྒྱལ་ཤེར་དགེས་བརྩམས་པའི་<<རྨུ་ཐག་གིས་སྦྲེལ་པའི་གནམ་ས་>>ཞེས་པའི་དཔྱད་དེབ་ཀྱི་གླེང་བརྗོད།

       དེ་རིང་འདི་ན་ཕྲན་དང་སྟེགས་བུ་གཅིག་གི་ཐོག་ས་ལ་རྐང་པ་མཉམ་རྡེབ་དང་། ལག་གི་སྟངས་སྟབས་མཉམ་སྒྱུར་ངང་། སྨྲ་བྱེད་ངག་སྒོ་མཉམ་སྐྱོད་ཀྱིས་འགྲོག་ཅིང་གཤིབ་པའི་རྒྱུན་གྱི་རིག་ལམ་རྩོད་རོགས་འཛིན་གྲོགས་དེས་<<རྨུ་ཐག་གིས་སྦྲེལ་པའི་གནམ་ས་>>ཞེས་པའི་དཔྱད་རྩོམ་ཕྱོགས་བསྒྲིགས་ཤིག་དེབ་ཆུང་དུ་བསྐྲུན་ཏེ། འགོ་བརྗོད་ཀྱི་ས་དམིགས་འདི་ཕྱོགས་སུ་བསྲིངས་པར་ཁོ་བོས་ཀྱང་ངོ་སྤྲོད་ཚིག་གསུམ་གྱི་དོད་དུ་འདི་ལྟར་གླེང་འགོ་བཙུགས།

དེ་ཡང་བྱེས་བཞུགས་བོད་མིའི་ཁྲོད་ཀྱི་རྩོམ་རིག་པའི་དཔུང་ཁག་གཅིག་ནི༸དཔལ་གཤེན་བསྟན་སྨན་རིའི་གླིང་ནས་འཚར་ལོངས་འབྱུང་གི་ཡོད་པ་དེ་དག་ལས། སྐབས་ཐོག་གི་རྩོམ་པ་པོ་སྣང་རྒྱལ་ཤེས་རབ་དགེ་ལེགས་ཀྱང་། རྙིང་གཅེས་ཀྱི་ཤ་ཞེན་ཟབ་ཅིང། ལ་རྒྱའི་རྣ་མཆོག་རིང་བའི་གཡུང་དྲུང་གི་སྨྱུག་ཐོགས་པ་ཞིག་ཡིན་པའི་སྟེང་། དྭངས་གསལ་གྱི་རྣམ་རིག་རྒོད་ཅིང་། རང་ལྟ་གསོང་པོར་བརྗོད་པའི་ཚད་མཐོའི་ཞིབ་འཇུག་པ་དང་། སྨྱུ་གུའི་འདུ་བྱེད་ཡངས་ལ། དུས་རབས་ཀྱི་གསོན་ཉམས་ཕྱུག་པའི་སྒྱུ་རྩལ་པའང་རེད།

མ་གཞི་<<བོན་སྒོ་>>དང་། <<རྩམ་པ།>> <<བགྲེས་པོའི་འབེལ་གཏམ།>> <<ཁ་བ་>>སོགས་དུས་དེབ་ཁག་དང་། <<ནོར་ལྡེ་>>དང་། <<དྲང་བདེན།>> <<གཉན་ཆེན་ཐང་ལྷ།>> <<བོད་ཆོལ་ཁ་གསུམ།>> <<བོད་ཀྱི་དུས་བབ་>>བཅས་ཚགས་ཤོག་རིགས་གཟིགས་མཁན་ཞིག་ཡིན་ཚེ་ཁོང་གི་རྣམ་དཔྱོད་ལ་ཆ་རྒྱུས་མེད་པ་མི་སྲིད་མོད། འོན་ཀྱང་། ངེད་གཉིས་བཤད་སྡེའི་ལས་སྣེ་ནས་<<བོན་སྒོ>>འི་རྩོམ་སྒྲིག་བར་གྱི་ལས་རིགས་དུ་མར་མཉམ་ཞུགས་བྱས་པས། མི་རྒྱུས་དང་རྩོམ་རྒྱུས་གཉིས་ཆ་ཡོད་ཁུལ་གྱིས་ཧམ་སྨྱུག་གོག་པོའི་སོ་ཁ་སྤོབས་པས་འདིར་བཙུགས་པ་ཡིན།

སྣང་རྒྱལ་ཤེར་དགེ། རྩོམ་རིག་གླིང་ཕྲན་འདིའི་སྙན་རྩོམ་དང་། སྒྲུང་རྩོམ། དཔྱད་རྩོམ་སོགས་གཞུང་ལམ་གང་དུ་བསྐྱོད་ཀྱང་གཞན་དང་དཔུང་པ་མཉམ་བརྡར་དང་། ལྷག་པར་ལོ་རྒྱུས་འཆད་དུས་གཙོ་བོ་སྐབས་དེའི་དངོས་ཡོད་ཀྱི་སྤྱི་ཚོགས་འཚོལ་ཐབས་སུ་རང་གི་རྣམ་དཔྱོད་རྩལ་དུ་སྤྲུགས་ནས་སུ་ཡང་བསྐྱོད་མྱོང་མེད་པའི་ལམ་བུར་རང་གི་རྐང་རྗེས་དཔར་ཏེ། དངོས་བྱུང་གི་སྟོང་ཆ་ཁ་གསབ་དང་། ལོ་རྒྱུས་ཀྱི་ཡན་ལག་འཐུས་ཚང་དུ་བཏང་ཡོད། དེབ་ཆུང་འདི་ནི་ཁོང་གི་རྣམ་དཔྱོད་ཀྱི་བདེན་དཔང་རང་རེད། ལྟོས་དང་།

རྨུ་ཐག་གིས་སྦྲེལ་པའི་གནམ་ས།

        ཆོས་འབྱུང་དང་འབྲེལ་བའི་རྒྱལ་རབས་ཕལ་གྱིས་གཉའ་ཁྲི་ནས་སྲོང་བཙན་བར་ཡོད་ཚད་སྒྲུང་ལྡེའུ་བོན་ཞེས་པའི་འབྲུ་རྡོག་གསུམ་དུ་དྲིལ་ཏེ་གསང་རྒྱར་བཏབ། དེ་ལས་རྒྱས་ཙམ་བྱུང་ན་གཉའ་ཁྲི་ནི་རྒྱ་གར་ནས་བོད་དུ་ཆུ་བོས་དྲངས་ཟེར། དེ་ནི་རྒྱ་ཐང་ནས་བོད་ལ་ཕྱོགས་པའི་ཆུ་བོ་མེད་པའི་གཏན་ཚིགས་མངོན་གྱུར་གྱིས་ཀྱང་མི་ཁོག་སྟེ། ཡོད་ཚད་ལྷོ་རུ་ཕྱོགས་པའི་བོད་མིའི་ལས་དབང་གསར་པས་སྲིད་པ་ཆགས་པའི་གངས་རྒན་ཏི་སེའང་རིག་བྱེད་རྒན་པོའི་ཁ་རླངས་ཀྱིས་སྦག་ཏུ་བཅུག་ཟིན་པས་སོ། །

གཉའ་ཁྲིའི་སྔོན་དུའང་མངའ་མཛད་འགའ་ཞིག་བྱུང་བའི་རིགས་པས་<<རྨུ་ཐག་གིས་སྦྲེལ་པའི་གནམ་ས་>>འདིས་བསྒྲགས་པ་བོན་ལུགས་སུ་འཆད་པའི་ཡི་གེ་ལྷ་གྱེས་ཅན་ལ་བདེན་ཁ་དེ་ཙམ་མ་སྦྱིན་ཡང་། བཤད་ཚུལ་དེའི་ཐོག་ནས་སྐབས་དེའི་དངོས་ཡོད་ཀྱི་འཚོ་བར་ཚོད་དཔག་དང་། ངོ་མཚར་ལ་མཛེས་པར་ལྟ་བའི་བོད་མིའི་སྣང་བརྙན་ལའང་ཚད་འཇལ་གསལ་པོར་ཞུས་པས་མ་ཚད། དྲང་དོན་གྱི་ལྷ་སྒྲུང་གསེང་ནས། །ངེས་དོན་གྱི་རྒྱལ་རབས་བཙལ་ཏེ། །ལོ་རྒྱུས་ཀྱི་གསང་བ་དག་ལས། །དངོས་ཡོད་ཀྱི་བྱུང་རབས་གླེང་བས། །དུས་རབས་འདི་ཡི་དགོས་མཁོར་ཤིན་ཏུ་འཚམས་པར་བྱས།

སྨྱུག་འོག་གི་བཙོན་པ་ཉེས་མེད།

         ཁྲི་རལ་པས་བན་བཙུན་རྣམས་ལ་འཚོ་རྟེན་དུ་ཕུལ་བའི་“ལྷ་རིས་”དང་“བླ་འབངས་”སུ་གྲགས་པའི་དུད་ཁྱིམ་རྣམས་རང་ལུས་རང་ལའང་མི་དབང་བར་ཡུན་རིང་མནར་བ་དག་ལྷ་སྲས་འུ་དུམ་བཙན་པོས་ཐུགས་ཀྱིས་མ་བཟོད་ནས་སྔར་གྱི་ལམ་ལུགས་བཅོས་པས། ཆོས་འབྱུང་མཁན་པོའི་སྨྱུག་བཙོན་འོག་མ་ཉེས་ཁ་གཡོག་གིས་བསྟན་པ་བསྣུབས་པར་བསྙད་ནས་“གླང་དར་མ་”ཞེས་མིང་ཆད་ཕོག <<སྨྱུག་འོག་གི་བཙོན་པ་ཉེས་མེད་>>འདིས་“ལྷ་སྲས་”ཁོང་ཉེས་མིང་དེ་ལས་གློད་ཐབས་སུ་གནས་ལུགས་དུ་མས་ཁྲིམས་རྩོད་བྱས་ཏེ། ཁོང་གི་དངོས་དོན་གྱི་ལོ་རྒྱུས་ལའང་གསོན་ཤུགས་བསྐྲུན།

གཅུང་རལ་པས་བཙུན་པའི་རྒྱབ་གནོན་ཆེད་དམངས་ལ་དཀའ་སྡུག་སྣོན་མ་སྤྲད་པས་མཐར་འབངས་མིས་བཀུམས་ཤིང་། གཅེན་པོ་“ལྷ་སྲས་”ཀྱིས་དམངས་དང་རྒྱལ་ཁབ་སླད་གཙུག་ལག་ཁང་གི་ཚུལ་མིན་ཁེ་ཕན་ལ་ཕོག་ཐུག་བཏང་བས་བསམ་ཡས་མཁན་པོས་དཀྲོངས་སྟབས། བོན་པོར་ལག་པ་ཕྱི་དགོས་གཏན་ནས་མེད།

གང་ལྟར་བྲན་གཡོག་གི་མུ་གེ་དང་བཙུན་པའི་རྒྱས་སྤྲོས་བར་ན་སྒྲེང་བའི་“ལྷ་སྲས་”དེས་ཆོས་དང་སྲིད་ཀྱི་འདམ་ཀ་འཆུག་མེད་ཅེས་<<སྨྱུག་འོག་གི་བཙོན་པ་ཉེས་མེད་>>འདིས་མགྲིན་པ་གཟེངས་སུ་བཏེགས་ནས་གླེང་ཞིང་། དཀའ་ཚེགས་ཆེ་བའི་བྱ་འགུལ་དེའང་སྐབས་དེར་དགོས་མཁོ་ཤིན་ཏུ་ཆེ་བ་ལས། ཐུབ་པའི་བསྟན་པར་མ་དད་པ་མིན་པའི་བདེན་དཔང་དུ་སྔགས་བསྟན་སྔ་མལ་དུ་གནས་པ་ཙམ་དུ་མ་ཟད། དམ་ཆོས་ཚུལ་བཞིན་སྤྱོད་པའི་བཙུན་པར་ཞབས་འདེགས་ཞུས་ཚུལ་ཏུན་ཧོང་གཏེར་ཡིག་གིས་ཀྱང་བསྒྲུབས་ཡོད་པས། བེ་རི་བས་ནི་རྩོམ་ཚན་འདིའི་ཁ་བྱང་གཅིག་པུ་བཀླགས་ནས་མཐེ་བོང་བསྒྲེངས།

འོལ་གླིང་ལས་འཕྲོས་པའི་གཏམ་ཐོར་བུ།

           འོལ་མོ་ལུང་རིང་། སྤང་བླང་གི་སྒྲོན་མེ་ཐོགས་པའི་སྐྱེ་བོ་ཀུན་གྱིས་རང་ལ་ཞིང་ཁམས་འདིའི་བགོ་སྐལ་ཅུང་ཙམ་འཐོབ་ཆེད་དཀའ་སྡུག་གང་ལའང་གདོང་ལེན་བྱེད་ངེས། འོན་ཀྱང་། འུ་ཅག་གི་ཁ་དང་གཞུང་ལུགས་ཀྱི་དཀྱུས་བར་རྒྱང་གྲགས་ནས་དཔག་ཚད་ཀྱིས་བཅད་སྟེ། གནས་འདི་ལས་དད་མོས་ཀྱི་ཞིང་དང་དཔྱད་ཞིབ་ཀྱི་ཡུལ་གྲུ་གཉིས་སོ་སོར་ཕྲལ།

གནས་སྟངས་དེ་རིགས་ལ་དམིསག་ནས་འདིར་རང་གཞན་གཉིས་ཀའི་མདོ་ལུང་ཡུར་བ་གཅིག་ཏུ་འབབ་པའི་ཆུ་རྒྱུན་དག་ལ་ཞིབ་བསྡུར་གྱིས་དཔྱད་སྟེ། འོལ་མོ་ལུང་རིང་ནི། སྐྱེ་བའི་སྨོན་ལམ་འདེབས་སའམ་བགྲོད་ནས་མཇལ་རྒྱུ་ཡོད་པ་གཉིས་ཀ་རུང་བར་གཏན་འབེབ་ནོར་དུ་མེད་པར་མཛད།

ས་གསེར་སོར་འབྱེད།ཞང་བོད་ཡི་གེའི་ཕྱི་མོ་ནི་སྟོན་པས་མ་མཛད་ཅིང་། གདོད་ནས་རི་མོའི་གཟུགས་སུ་ཡོད་པར་འདོད། དེ་ཡང་བྱ་དངོས་ཁག་རི་མོར་ཕབ་སྟེ་ཁྲི་དང་འབུམ་དུ་གྱུར་བར་གཏམ། གཤེན་རབ་མི་བོས་དེ་དག་གི་དཔའ་བོ་འབྲུ་ལྔ་ལས་འཕྲུལ་ཡིག་བཞི་བཅུའི་སྡེབ་སྦྱོར་གསར་དུ་མཛད་པར་འདོད། དེ་ནི་མཛད་མདོ་རྒྱས་འབྲིང་གཉིས་ཀྱི་དགོངས་པའི་བཅུད་དང་ཉེ་བར་སེམས།

 

གཏན་ཚིགས་ནི། བོད་ཡིག་ཕལ་གྱི་གཟུགས་རིས་ད་ལྟའང་རང་གི་མིང་དོན་དེའི་ཚུགས་ཀར་ལྷག་ལུས་སུ་ཡོད་ཅིང་། འགའ་ཞིག་བྲིས་པས་སྨྱུག་ཁ་སྐོར་སྟངས་མགྱོགས་མྱུར་ཙམ་མ་གཏོགས་མཐོང་བ་ཉིད་ནས་དེ་འབྲེལ་གྱི་དངོས་པོ་ཡིད་ངོར་འཆར་བར་བྱེད་པས་སོ། །

དེ་བཞིན་རྒྱ་གར་གྱི་ཡི་གེ་ལའང་བོད་པའི་སྐད་གདངས་ཕབ་པའི་རི་མོ་ཡོད་པའི་བདེན་དཔང་བཀྲམ་སྟེ། གུཔྟའི་ཡི་གེའང་ཆུ་མོ་གངྒཱ་དང་ཕ་ཡུལ་གཅིག་པར་བསྒྲུབས་པས། བོད་ཀྱི་ཡི་གེ་འབྱུང་ཚུལ་ལ་བལྟ་བ་ལས་ས་གསེར་སོ་སོར་ཕྱེས་ཡོད།

ལོག་སྨྲ་ཚར་གཅོད།

             འདིར་ཐུའུ་བཀྭན་གྱི་ཉམས་སྣང་དུ་ཤར་བའི་བོན་པོ་དང་། མིག་མདུན་དུ་ཀྲོང་ངེར་ལང་བའི་བོན་པོའི་དབར་དབྱེ་ཞིབ་ཀྱིས་ལོག་སྨྲའི་རིས་བཤད་ཀུན་ལ་དགག་སྒྲུབ་ཚར་གཅོད་དང་སུན་འབྱིན་ནན་དུ་མཛད་པ་སྟེ། དེ་ལྟར་བོན་རབས་གསུམ་དུ་སྒྲོས་པའི་བརྡོལ་བོན་སྐབས་གཤེན་རབ་མི་བོ་དགུང་ལོ་གྱ་གཉིས་བར་ལྷུམས་སུ་ལུས་པ་དང་། བཅུ་གསུམ་ཐོག་འདྲེས་ཁྲིད་པ་སོགས་འགལ་བ་ལྟག་སྤྲོད་ཅན་གྱི་སྨྱོ་ལབ་ཁག་ཀྱང་ཐེར་འདོན་བྱས། དེ་བཞིན་བསྒྱུར་བོན་ལ་གསུམ་བཞི་ལྔ་དྲུག་ཇི་ཙམ་དབྱེས་རུང་། ཀླུ་སྒྲུབ་དང་། ཐོགས་མེད། དབྱིག་གཉེན། དགེ་སློང་སེར་པོ། རྡོར་སྙིང་། རིག་རལ། རྫོགས་ཆེན་སོགས་ལས་དྲངས་ཏེ་ཁ་མཆུ་ཇི་སྙེད་ཅིག་ཀྱང་སྤུངས་ཡོད་པས། ཐུའུ་བཀྭན་ནི་ད་ལྟ་མཐོ་དམའ་གང་དུ་ཡོད་ཀྱང་འདུག་བཟོད་མེད་པའི་ཚད་དུ་བཏང་།

གང་ལྟར་<<ལོག་སྨྲ་ཚར་གཅོད་>>འདིས་གྲུབ་མཐའི་ཕྱོགས་ཞེན་ལ་ཐུག་ན་ཅི་ཡང་རྩོམ་པར་ནུས་པའི་སྙིང་ཁམས་ཅན་འབྲི་གུང་དང་། ཐུའུ་བཀྭན། བདུད་འཇོམས་སོགས་ཀྱིས་གཙོས་པའི་བོན་གྱི་གྲུབ་མཐའི་མགོ་བོར་རྭ་དང་རྐུབ་ལ་རྔ་ལོ་འདོགས་མཁན་ཀུན་ལའང་རྒོལ་འཛིང་བྱས་ཤིང་། འཐབ་རྩོད་འདིར་ཕལ་ཆེར་བོན་པོ་ཡིན་ཚད་ཀྱང་ཞུགས་ཡོད་པར་སྨོས་སུ་མེད།

བཀླགས་པའི་འཆར་སྣང་།

          ལེགས་བཤད་མིང་པས་ལོག་བཤད་བྱས་པ་ལྟར། ཚེ་ཏན་ཞབས་དྲུང་གིས་མཇལ་བའི་སྨར་ཡིག་ནི་གཞོན་དུ་ཆུགས་ཀྱང་། ཉེ་ལོར་ཚན་རིག་པར་འཕྲད་པའི་སྨར་ཡིག་དེ་མི་ལོ་སུམ་སྟོང་ལྷག་གིས་བགྲེས་རབས་གོ་སྤྲོད་ཀྱིས། སླད་མར་ཡང་ཕྱོགས་ཞེན་གྱི་ཁུ་ཚུར་བཅངས་ཏེ་དངོས་བྱུང་གི་མཚོན་ཁར་མི་མཆོང་བར་སྙིང་ནས་བསྐུལ།

ཏུན་ཧོང་གི་གཏེར་ཡིག་དང་། དྲིལ་བུའི་ཁ་བྱང་། བསམ་ཡས་ཀྱི་རྡོ་རིང་སོགས་ནི། “ཞལ་རས་གསལ་ལ་ངང་མདངས་གང་བ་བཟང་།” །ཟེར་བ་སོགས་ལ་འཕྱ་ཞིང་སྨོད་སླད་ད་དུང་ཡང་མ་ཟད་མ་ཞིག་མ་འགྱེལ་བར་བསྲན་ཡོད་པའང་བོད་ཀྱི་ཡི་གེའི་འབྱུང་ཁུངས་ལ་དཔྱད་པ་<<བཀླགས་པའི་འཆར་སྣང་>>ངོ། །

གཞན་ཡང་དེབ་ཆུང་འདིར་མ་བཀོད་པའི་<<དགེ་སློང་གིས་བཤན་པར་ཕུལ་བའི་གྲི་>>དང་། <<ཨ་མ་ཡིན་ཤག་དང་། ནུ་མ་ནུ་ཤག་མ་བྱེད་>>ཅེས་པའི་འཕྲལ་རྩོམ་ཁག་ཀྱང་འདུ་བྱེད་གསུམ་པར་གྱུར་པའི་ཀློག་མཁན་དག་གིས་གདེངས་འཇོག་ཚད་མཐོར་གནང་བའང་ཞོར་འཕྲོས་ཡིན།

གང་ལྟར་<<རྨུ་ཐག་གིས་སྦྲེལ་པའི་གནམ་ས་>>འདི་རགས་ཙམ་བཀླགས་པའི་བློ་བསྐྱེད་གཅིག་པུར་གཞིགས་ཚེ་ལྷ་སའི་ཇོ་བོ་མི་མཇལ་བའི་ལྷ་སའི་རྒན་མོ་དག་ལའང་འཁང་ཚིག་ཤོར་བ་དང་བཅས། འགོ་འཛུགས་པར་སླ་རུང་མཇུག་སྐྱོང་བར་དཀའ་བའི་ཕྲན་གྱི་སྨྱུག་ལབ་དེ་ད་ལམ་ཡང་བཙན་གྱིས་མཚམས་འཇོག་མི་བྱེད་ཀ་མེད་དུ་གྱུར།

 

གང་གི་གཡུང་དྲུང་སྨྱུག་མཆེད་ཆོས་འཁོར་ཚང་ཉི་མ་འོད་ཟེར་པས་ལྡི་ལི་ཞི་བདེ་མགྲོན་ཁང་གསར་པ་ནས།

༢༠༠༦     ༤    ༡༠ ཉིན།

 

 

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།