གྲུབ་དབང་མངྒ་ཝེར་ཞི་དཔལ་བཟང་པོས་མ་རྒྱུད་དབང་བཞི་གནང་སྐབས་ཞུས་པའི་མཎྜལ་བཤད་པ་བཞུགས་སོ། །

གྲུབ་དབང་མངྒ་ཝེར་ཞི་དཔལ་བཟང་པོས་མ་རྒྱུད་དབང་བཞི་གནང་སྐབས་ཞུས་པའི་
མཎྜལ་བཤད་པ་བཞུགས་སོ།།

འཇམ་དབྱངས་མཁྱེན་རབ་རྒྱ་མཚོ།

༄༅།། འོ་དེ་ཡང་ཇི་སྐད་དུ། བཀྲ་ཤིས་གང་ཞིག་རྫོགས་སངས་རྒྱས་དང་ལུང་དང་རྟོགས་པས་བསྡུས་པའི་བོན། ། རིག་གྲོལ་གཉིས་ལྡན་འཕགས་ཚོགས་བཅས་ཀྱི་བྱིན་རླབས་ཐུགས་རྗེའི་ཟླ་ཟེར་གྱིས། ། རྒྱུ་དང་མི་རྒྱུའི་འཇིག་རྟེན་མཐའ་དག་སྲི་ཞིའི་རྒུད་པའི་ཚ་གདུང་ལས། ། ཉེ་བར་གྲོལ་ཏེ་འཕྲལ་ཡུན་དགེ་བའི་སྣང་བ་མཆོག་ཏུ་གསལ་གྱུར་ཅིག ། ༧ ཅེས་བསླུ་མེད་མཆོག་གསུམ་གྱི་ཐུགས་རྗེ་བསྐུལ་བའི་ཤིས་པ་བརྗོད་པའི་སྙན་ཚིག་མེ་ཏོག་གི་བླ་བྲེ་ཀུན་ཏུ་བྲེས་པས་འཇིག་རྟེན་གསུམ་དགེ་ལེགས་སུ་བྱས་ནས་གང་ཞུ་ན། མངོན་པར་རྟོགས་པའི་རྒྱན་ལས། བོན་གྱི་སྐུ་ལས་མ་གཡོས་ཀྱང་། །གང་གིས་འཁོར་བ་ཇི་སྲིད་དུ། །ཐུགས་རྗེ་རྒྱུན་མི་འཆད་པ་ཡི། །འཕྲིན་ལས་རྣམ་པར་དག་པར་འདོད། །ཅེས་གསུངས་པ་ལྟར། སྐྱབས་མཆོག་ཐུགས་རྗེའི་གཏེར་ཆེན་བཀའ་དྲིན་མཚུངས་ཟླ་མ་མཆིས་པ་ཉིད་ནི་ངེས་པའི་དོན་དུ་དཔག་མེད་བསྐལ་བའི་གོང་ནས་བོན་སྐུ་བདེ་བ་ཆེན་པོའི་གོ་འཕང་མངོན་དུ་མཛད་ཟིན་ཀྱང་། ཞིང་ཁམས་རྒྱ་མཚོའི་རྡུལ་གྲངས་དང་མཉམ་པར། སྤྲུལ་བསྒྱུར་གྱི་བཀོད་པ་མཐའ་ཡས་པས་ལུས་ཅན་མཐའ་དག་རྣམ་གྲོལ་ཐར་བའི་གྲོང་དུ་དབུགས་འབྱིན་པར་མཛད་པའི་ངོ་མཚར་ནི་ནམ་མཁའི་མཐའ་བཞིན་གཞལ་དུ་མ་མཆིས་ཀྱང་། ཚུལ་མཐོང་མོས་ངོར་ཡང་། སྤྲུལ་བའི་གཏེར་ཆེན་གསང་སྔགས་གླིང་པས། དགྲ་བཅོམ་རྒྱལ་བོ་གཤེན་རབ་འཁོར། །གཡུང་དྲུང་སེམས་དཔའ་དུ་མའི་ནང་། ཤར་གླིང་ལུས་འཕགས་འདུལ་མཛད་པ། །གཡུང་དྲུང་སེམས་དཔའ་དགའ་བ་འཛིན། །ཞེས་གསུངས་པ་ལྟར། བདག་ཅག་གི་སྟོན་པ་རྣམ་འདྲེན་དམུ་རྒྱལ་སྲས་པོའི་དྲུང་དུ་འཕགས་པའི་གནས་བརྟན་དགའ་བ་འཛིན་དང་། གཞལ་ཡང་རྒྱལ་བའི་གདུང་སོབ་ཆེན་པོའི་དྲུང་དུ་གཡུང་དྲུང་སེམས་དཔའ་ཚུལ་ལྡན་ཡེ་ཤེས་དཔལ་མཆོག མཉམ་མེད་ཤཱཀྱའི་དབང་པོའི་དྲུང་དུ་བྱང་ཆུབ་སེམས་དཔའ་ཀུན་ལ་དཔག་མེད། འཆི་མེད་རྒྱལ་བ་ཡབ་སྲས་ཀྱི་དྲུང་དུ། མཁས་མཆོག་ཤ་རི་དབུ་ཆེན་སོགས་དམ་པའི་སྐྱེས་འཕྲེང་བར་མ་ཆད་པར་བརྒྱུད་ཅིང་། མདོར་ན་ཚེ་གཅིག་ལ་ཟུང་འཇུག་གི་གོ་འཕང་མངོན་དུ་མཛད་པའི་གྲུབ་ཐོབ་དང་། ཕྱི་ནང་གྲུབ་མཐའ་རྒྱ་མཚོའི་ཕ་རོལ་དུ་སོན་པའི་མ་ཧཱ་པཎྚི་ཏ། འཛིན་མའི་དཀྱིལ་འཁོར་དགེ་བཅུའི་བཀའ་ཁྲིམས་ཀྱིས་སྐྱོང་བའི་ས་སྤྱོད་ཆེན་པོ་སོགས་མཐའ་ཀླས་འགྲོ་བའི་མོས་ངོར་ཆུ་ཟླ་དང་མིག་འཕྲུལ་བཞིན་སྟོན་པར་མཛད་པའི་ཚུལ་ནི། གསས་མཁར་རིན་པོ་ཆེའི་རྒྱུད་འགྲེལ་ལས། མཐའ་ཀླས་གདུལ་བྱའི་མོས་ཁམས་ཆུ་སྣོད་དུ་སྣང་བའི་ཟླ་གཟུགས་རྣམ་པ་ཐ་དད་དུ། བཀྲི་དྲངས་ཐབས་ཚུལ་བསམ་གྱིས་མི་ཁྱབ་པར། ཅིར་ཡང་སྤྲུལ་བ་གུས་པས་ཕྱག་བགྱིའོ། །ཞེས་གསུངས་པ་ལྟར། འཕགས་ཆེན་དམ་པའི་གསང་བ་གསུམ་གྱི་སྒྱུ་འཕྲུལ་བསམ་གྱིས་མི་ཁྱབ་པ་ནི། བློ་ཆུང་ཆོས་བརྒྱད་ཁོལ་པོ་བདག་ལྟའི་བློ་ངག་གི་ཡུལ་ལས་འདས་ཤིང་། ཁྱད་པར་སྐུ་ཚེ་འདི་ཉིད་ཀྱི་ཆེ་བའི་ཡོན་ཏན་ཆ་ཙམ་བརྗོད་པའི་དབང་དུ་བྱས་ན། ཐོག་མར་རིགས་ཕུན་སུམ་ཚོགས་པར་སྐྱེ་བ་བཞེས་ནས། མཁས་གྲུབ་བཤེས་གཉེན་དུ་མའི་ཞབས་ལ་གཏུགས་ཏེ། མདོ་རྒྱུད་གསུང་རབ་མཐའ་དག་ལ་མཁྱེན་རབ་ཀྱི་ཀློང་བརྡོལ་བའི་ཚུལ་བསྟན། བར་དུ་འདི་སྣང་གི་གཡེང་བ་མཐའ་དག་རྒྱང་དུ་བསྲིང་ནས། རི་ཁྲོད་དབེན་པ་བསྟེན་ནས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ལམ་གྱི་རིམ་པའི་ཐུགས་དམ་ཉམས་བཞེས་ལ་བརྩོན་པ་གནང་པས་ཉམས་རྟོགས་མངོན་དུ་གྱུར་ཅིང་། ཡི་དམ་གྱི་ལྷ་དུ་མའི་ཞལ་གཟིགས་དང་། གསང་བའི་ཞལ་ལུང་ཐོབ་པ་སོགས། མཆོག་གི་དངོས་གྲུབ་བརྙེས་པའི་རྣམ་ཐར་དཔག་ཏུ་མེད་ཅིང་། ཐ་མ་སྒྲུབ་འབྲས་མངོན་གྱུར་གྱིས་གཤེན་བསྟན་ཉམས་པ་གསོས་ཏེ། དེ་ཡང་ཕྱི་འདུལ་པ། ནང་གསང་སྔགས། གསང་བ་སེམས་ཕྱོགས་ཀྱི་བཀའ་ཡི་འཁོར་ལོ་རྒྱ་ཆེར་བསྐོར་ཏེ། རིགས་གསུམ་གདུལ་བྱའི་ཚོགས་རྣམས་སྨིན་གྲོལ་ཟབ་མོའི་ལམ་ལ་བཀོད་ཅིང་། མདོ་རྒྱུད་སྤྱི་དང་ཁྱད་པར་མཛོད་ཆེན་རྣམ་གཉིས་སོགས། སྔོན་མེད་ཟབ་རྒྱས་ལེགས་བཤད་ཕྲེང་ཚོགས་དྲན་དབང་ཡོངས་ཀྱི་གཟིགས་མོར་བསྟར་པས། སྲིད་མཐའི་བར་དུ་གཟུར་གནས་མཁས་མང་ཡོངས་ཀྱི་རྣམ་དཔྱོད་འཕེལ་བའི་གསོས་སུ་གྱུར་བ་སོགས། མཉམ་མེད་རྒྱལ་བ་སྲས་བཅས་རྒྱལ་བ་ཀུན་གྱི་དགྱེས་ཞལ་ཀུན་ཏའི་དགའ་ཚལ་མངོན་པར་འཛུམ་ཞིང་ས་གསུམ་མྱ་ངན་མེད་པའི་དཔལ་ལ་རེག་པར་གྱུར། ༧ ཁྱད་པར་རྔ་ལྗོངས་ཞིང་འདིར་གཤེན་བསྟན་རླུང་ནང་གི་མར་མེ། བསྟན་འཛིན་ཉིན་མོའི་སྐར་མ། རྒྱུད་འཛིན་བྲག་ཕུག་བྱང་བལྟས། བྱེད་རྒྱུ་ཚེ་འདི་ཁོ་ན་གལ་ཆེན་བྱེད་པའི་ཟོག་པོ་ཕྱི་ཚུལ་མཁན་དུ་མས་གང་བའི་མཐའ་འཁོབ་མུན་པའི་གླིང་ལྟ་བུར་གྱུར་བའི་སྐབས་འདིར། སྨིན་གྲོལ་བསྟན་པའི་རྒྱལ་མཚན་འཛུགས་པའི་སླད་དུ། མགོན་པོ་གང་ཉིད་བསྟན་འགྲོར་སྨན་པའི་ཐུགས་བསྐྱེད་ལ་རིང་ནས་གོམས་པས། ས་ཐག་རིང་པོ་འདི་འདྲར་ལམ་གྱི་དཀའ་ཚེགས་ཁྱད་དུ་བསད་ནས། ཞབས་སེན་ཡིད་བཞིན་དབང་གི་རྒྱལ་བོ་དད་ལྡན་བདག་ཅག་གི་ཟུར་ཕུད་མཛེས་པའི་རྒྱན་དུ་བཀོད་ཅིང་། གང་ཐུགས་མཁྱེན་པའི་མཁའ་ལ་བརྩེ་བའི་ཆུ་འཛིན་འབུམ་དུ་དཀྲིགས་ནས། ཕྱི་མདོ་མཛོད་འདུལ་བ། ནང་གསང་རིགས་གཟུངས་གསུམ། གསང་བ་ཕྱག་རྫོགས་དབུ་མའི་སྨིན་གྲོལ་བོན་གྱི་ཆར་ཆེན་ཕབ་པས་སྐལ་བཟང་གདུལ་བྱའི་ཡིད་ཀྱི་ཞིང་སར། དགེ་བའི་ལོ་ཏོག་སྤེལ་བར་མཛད་པའི་བཀའ་དྲིན་ནི། སྟོང་གསུམ་ཐམས་ཅད་རིན་པོ་ཆེ་སྣ་བདུན་གྱིས་བཀང་སྟེ་ཕུལ་གྱུར་ཀྱང་། བ་སྤུའི་ཉག་གཅིག་ཏིལ་གྱིས་བྱུག་པ་ཙམ། དེ་བས་ཀྱང་དེ་ལ་རྩིས་དང་གྲངས་སུ་མེད། ཞེས་གསུངས་པ་ལྟར་ལགས་ལ། འོན་ཀྱང་དངོས་འབུལ་མཚོན་བྱེད་ཙམ་འབུལ་བ་འདི་ནི། ཞིང་ཁྱད་པར་ཅན་མཆོད་པའི་ཕན་ཡོན་གྱིས་ཡིད་དྲངས་པ་སྟེ། དེ་ཡང་སྤྱིར་ན་རང་ལ་ངེས་དོན་བདུད་རྩིའི་བགོ་སྐལ་སྩོལ་བའི་དྲིན་ཅན་རྩ་བའི་བླ་མ་ནི། རྫོགས་པའི་སངས་རྒྱས་དངོས་ཡིན་པར་སྟོན་པ་ཀུན་ཏུ་བཟང་པོ་ཉིད་ཀྱིས་གསུངས་ཏེ། ལྟ་བ་ཁྱུང་ཆེན་གཡུང་དྲུང་གསང་བའི་རྒྱུད་ལས། གསང་རྒྱུད་ངེས་པ་ཆེན་པོ་འདི། །རང་གི་རིག་པས་རྟོགས་གྱུར་ནས། །གཞན་ལ་སྒྲོགས་པར་གང་གྱུར་པ། །དེ་ཉིད་སྟོན་པ་ཀུན་བཟང་སྟེ། ། ཞེས་དང་། དཀར་པོ་སུམ་སྦྱོར་ལས། བླ་མ་སངས་རྒྱས་བླ་མ་བོན། །དེ་བཞིན་བླ་མ་སེམས་དཔའ་སྟེ། །ཀུན་གྱི་བྱེད་པོ་བླ་མ་ཡིན། ཞེས་གསུངས་པའི་ཕྱིར་དང་། ཁྱད་པར་འདྲེན་པ་མཆོག་ཉིད་ཚད་མའི་སྐྱེས་བུ་ཡིན་པར་གཏེར་ལུང་རྡོ་རྗེའི་ཚིག་གིས་བསྔགས་པའི་ཚུལ་ནི། གསང་གླིང་གཏེར་གྱི་ཁ་བྱང་ལས། ཤ་རིའི་སྤྲུལ་བ་བཀྲ་ཤིས་མཚན༔ གང་མཇལ་ཐར་བའི་ལམ་ལ་བཀོད༔ ཞེས་དང་ལུང་བསྟན་གཞན་ནས་ཀྱང་། ཤར་རྫའི་ཞིང་དུ་རྒྱལ་མཚན་མཚན༔ ཞིག་པོའི་ཆོས་ཅན་རྣལ་འབྱོར་དེས། འབྲེལ་ཚད་བདེན་པའི་ཞིང་དུ་འདྲེན༔ སྨིན་གྲོལ་ནམ་མཁའི་ཁྱོན་དང་མཉམ༔ ཞེས་མཐོང་ཐོས་དྲན་རེག་གི་སེམས་ཅན་མཁའ་སྤྱོད་དུ་འཁྲིད་པར་གསུངས་ཤིང་། ཐུན་མོང་གདུལ་བྱའི་སྣང་ཚོད་དུའང་མདོ་རྒྱུད་མཐའ་དག་ལ་གཞན་དྲིང་མི་འཇོག་པའི་མཁྱེན་རབ་ཀྱི་དབང་ཕྱུག་ཆེན་པོར་གྱུར་ཀྱང་། ཕྱི་སོ་ཐར་གྱི་བསླབ་པས་སྐུ་བཙུན་པ། ནང་བྱང་སེམས་ཀྱི་བསླབ་པས་ཐུགས་རྒྱུད་འབྱོང་བ། གསང་བ་རིམ་གཉིས་ཟབ་མོ་རྣལ་དུ་ཕེབས་པ་སོགས་བསྔགས་འོས་ཡོན་ཏན་དུ་མས་མངོན་པར་མཐོ་བ་ནི། ཁོ་བོ་ཅག་གིས་གཅམ་བུ་དང་ཟོལ་སྦྱོར་གྱི་བསྟོད་པ་ཙམ་མིན་པར་མཆོག་དམན་མཐའ་དག་ལ་མཐུན་སྣང་དུ་གྲུབ་པ་སྟེ། དེར་མ་ཟད་བསྐལ་བཟང་སངས་རྒྱས་སྟོང་རྩ་གཉིས་དུས་གཅིག་ཏུ་མཆོད་པ་བས་ཀྱང་། བླ་མའི་སྐུ་ཡི་བ་སྤུ་གཅིག་མཆོད་པ་བསོད་ནམས་ཀྱི་མཆོག་ཏུ་བསྔགས་པ་ནི། བླ་མ་ལྷ་ཡི་ཞལ་ནས། ཀུན་ནས་བླ་མ་མཉེས་བྱེད་པ། །བསོད་ནམས་ཚོགས་ཀྱི་མཐར་ཐུག་ཡིན། །ཞེས་དང་། གཞན་ཡང་ལུང་ལས། དྲིན་དང་ལྡན་པའི་བླ་མ་ནི། །སྤྱི་བོའི་གཙུག་གམ་དཔྲལ་བའི་མཐིལ། །སྙིང་གི་དབུས་སུ་བསྒོམ་པ་ན། །སངས་རྒྱས་སྟོང་གི་ཡོན་ཏན་ཡང་། གང་ཟག་དེ་ཡིས་འཛིན་པར་འགྱུར། །ཞེས་དང་། སངས་རྒྱས་སྟོང་ལས་བླ་མ་ལྷག །བླ་མའི་སྣང་བ་མ་བྲལ་ན། །སྒོམ་པ་ཤེས་ཀྱང་དེ་ཡིས་ཆོག །ཅེས་དང་། གཞན་གཞུང་རིམ་ལྔ་ལས། མཆོད་པ་ཐམས་ཅད་ཡོངས་སྤངས་ནས། །བླ་མ་མཆོད་པ་ཡང་དག་རྩོམ། །དེ་མཉེས་པས་ནི་ཀུན་མཁྱེན་གྱི། །ཡེ་ཤེས་མཆོག་དེ་འཐོབ་པར་འགྱུར། །ཞེས་བླ་མ་མཆོད་ཅིང་བཀུར་བའི་ཕན་ཡོན་བསམ་གྱིས་མི་ཁྱབ་པས་ཡིད་དྲངས་ཏེ། དེང་གི་ཆར་ཡང་གནས་ཕུན་སུམ་ཚོགས་པ། གསང་མཆོག་གནས་ཆེན་ཉེར་བཞིའི་ཡ་གྱལ། རྨ་རི་མདོ་ཁམས་ཀྱི་གནས་ཆེན་ཁ་ཤུ་རུའི་འདྲའི་ཉེ་འདབས། ལོ་ཆེན་བེེ་རོ་སོགས་མཐའ་དབུས་ཀྱི་སྐྱེས་བུ་དམ་པ་དུ་མས་ཞབས་ཀྱིས་བཅགས་པའི་ཡུལ་གྱི་ཐ་གྲུ། གྲུབ་པའི་གོ་འཕང་མཐོན་པོར་གཤེགས་པའི་རྣལ་འབྱོར་མཆོག་ལ། མ་རྒྱུད་ལྷ་ཚོགས་སུམ་བརྒྱ་དྲུག་ཅུ་ལ་སོགས་ཡི་དམ་དུ་མས་ཞལ་བསྟན་བྱིན་གྱིས་རླབས་པའི་གྲུབ་གནས། མདོ་སྔགས་ཀྱི་བོན་སྒྲ་རྒྱུན་མི་འཆད་དུ་སྒྲོག་པའི་བོན་གྱི་སྡེ་ཆེན་པོ་འདི་ཉིད། སྟོན་པ་ཕུན་སུམ་ཚོགས་པ་ནི། མ་ལུས་རྒྱལ་བ་ཐམས་ཅད་ཀྱི་ངོ་བོ། ལུང་རྟོགས་བོན་སྒོ་རྒྱ་མཚོའི་འབྱུང་གནས། རིག་གྲོལ་འདུས་པའི་ཚོགས་ཀྱི་འདྲེན་པར་གྱུར་པ། སྟོན་པ་ཀུན་ཏུ་བཟང་པོ་ཞལ་མི་གཉིས་པའི། མཚན་ཉིད་ཀུན་ལྡན་གྱི་གཡུང་དྲུང་སློབ་དཔོན་ཆེན་མོ་ཉིད་མི་འཇིགས་གདོང་ལྔའི་ཁྲི་ལ་ཞབས་ཀྱི་པདྨོ་ཉེ་བར་བཀོད་དེ། ༧ འཁོར་ཕུན་སུམ་ཚོགས་པ་སྡོམ་བརྩོམ་སྡེ་སྣོད་འཛིན་པའི་དགེ་བའི་བཤེས་གཉེན་དང་། ལུས་ཅན་བསོད་ནམས་གསོག་པའི་ཞིང་མཆོག་དམ་པ་དགེ་འདུན་འདུས་པའི་སྡེ་སོགས་འཕགས་སྐྱེས་ལྷ་མིའི་འཁོར་ཚོགས་དུ་མ་ལ། ༧ དུས་ཕུན་སུམ་ཚོགས་པ། བདག་ཅག་གི་སྟོན་པ་ཐུགས་རྗེ་ཆེན་པོའི་འཁྲུངས་ཟླ། གནམ་ལོ་གསར་བའི་དགེ་མཚན་གྱི་བཞིན་རིས་གསར་དུ་ངོམ་པའི་ལོ་གསར་རྒྱལ་གྱི་ཉ་བའི་གྲལ་ཚེས་དགེ་བ་ལ། ༧ བཀའ་ཕུན་སུམ་ཚོགས་པ་བོན་སྒོ་བརྒྱད་ཁྲི་བཞི་སྟོང་གི་ཡང་སྙིང་། ཐེག་པ་རིམ་དགུའི་ཡང་རྩེ། སྐལ་བ་དང་ལྡན་པའི་གང་ཟག ཚེ་གཅིག་ལུས་གཅིག་ལ་སྐུ་བཞི་ཡེ་ཤེས་ལྔ་ལྡན་གྱི་སར་བགྲོད་པའི་ཉེ་ལམ་རྨད་དུ་བྱུང་བ། གསང་སྔགས་མ་རྒྱུད་རྒྱལ་བ་རྒྱ་མཚོའི་རྒྱུད་སྡེ་ཡིད་བཞིན་ནོར་བུའི་དབང་བཞི་ཡོངས་སུ་རྫོགས་པ་དགྱེས་བཞིན་ལེགས་པར་སྩལ་བ་མཐར་ཕྱིན་པའི་སྐུ་དྲིན་གཏང་རགས་སུ། མེ་ཏོག་ཆུང་ཡང་ལྷ་རྫས་ཀྱི་དཔེ་ལྟར་དངོས་འབུལ་མཚོན་ཙམ་སྤྱན་ལམ་བསྟར་བ་ལ། ༧ གཞན་ཡང་ཇི་སྐད་དུ། བདག་གཞན་ལུས་ངག་ཡིད་གསུམ་དགེ་ཚོགས་བཅས། །རིན་ཆེན་མཎྜལ་ཀུན་བཟང་མཆོད་པའི་སྤྲིན། །བློ་ཡིས་བླངས་ནས་དཀོན་མཆོག་གསུམ་ལ་འབུལ། །ཞེས་གསུངས་པ་ལྟར། ཞིང་ཁམས་རབ་འབྱམས་རྒྱ་མཚོའི་སྣོད་བཅུད་ཀྱི་བཀོད་པ་མ་ཚང་བ་མེད་པ་འདི་དང་། རང་གཞན་སྐྱེ་འཕགས་ཐམས་ཅད་ཀྱི་ལུས་ལོངས་སྤྱོད། དུས་གསུམ་བསགས་པའི་དགེ་ཚོགས་དང་བཅས་པ་ཐམས་ཅད། ཀུན་ཏུ་བཟང་པོ་མཆོད་པའི་སྤྲིན་དཔུང་དུ་དམིགས་ཏེ་ཕུལ་བའི་ལེགས་བྱས་དང་། མགོན་པོ་གང་གི་ཐུགས་བསྐྱེད། བདག་ཅག་གདུལ་བྱའི་དད་མོས། བོན་དབྱིངས་རྟེན་འབྲེལ་བསླུ་མེད་ཀྱི་བདེན་པའི་མཐུ་ལས། སྐྱབས་གཅིག་ཐམས་ཅད་གཟིགས་པ་སྣང་ཉིད་ངེས་དོན་གཡུང་དྲུང་ལྟ་བའི་སྐུ་ལ་སྐྱེ་འཆི་མི་མངའ་ནའང་། དྲང་དོན་དུ་གཟུགས་སྐུ་རགས་པའི་ཟ་མ་ཏོག་འདི་ཉིད་སྙིགས་མའི་དུས་འདིར་མ་དག་གདུལ་དཀའ་རྣམས་ཀྱིས་དམ་པས་སྨད་པའི་ལོག་སྤྱོད་ལྷུར་བླངས་པས་ཐུགས་དབྱུང་ཞིང་སྐྱོབ་པ་དང་དག་པའི་ཚུལ་མི་སྟོན་པར། ལྷག་པར་ཐུགས་བསྐྱེད་ཀྱི་གོ་ཆ་ཆེན་པོ་བཞེས་ཏེ། བསྟན་འགྲོའི་མགོན་མཆོག་དམ་པར། སྐུ་འཚོ་བགྲང་བྱ་བརྒྱ་ཕྲག་གི་བར་དུ་བཞུགས་པ་ནས། མདོ་སྔགས་བཤད་དང་སྒྲུབ་པས་གདུལ་བྱ་དཔག་ཏུ་མེད་པ་སྨིན་ཅིང་གྲོལ་བའི་ལམ་ལ་འགོད་པ་ཞིག་ཅི་ནས་ཀྱང་བཀའ་དྲིན་ཆེ་དགོས་པ་ནི་ཞུ་དོན་གྱི་གཙོ་བོ་ལགས་ཤིང་། ཁྱད་པར་མཐའ་དབུས་གང་དུའང་གཤེན་བསྟན་རིན་པོ་ཆེ་བཤད་སྒྲུབ་ཀྱི་ཉག་ཕྲ་བ་འདི་ལ་དགོངས་ནས། བསྟན་པའི་ནང་མཛོད་སྡོམ་གསུམ་གྱི་བཅས་མཚམས་ལེགས་པར་སྟོན་པའི་གཞུང་འགྲེལ་དང་། རྒྱུ་མཚན་ཉིད་ཀྱི་ཐེག་པའི་རབ་དབྱེ་གསལ་བར་སྟོན་པའི་བསྟན་བཅོས་ལུང་རིགས་མཛོད་སོགས་བསྟན་པའི་བཙས་སུ་འགྱུར་ངེས་ཀྱི་བཀའ་རྩོམ་སྐོར་རྣམས། ཕྱི་བཤོལ་དུ་མི་གཏོང་བར་སྔ་མོར་འགྲུབ་ངེས་པ་ཞིག་ཀྱང་བཀའ་དྲིན་ཆེ་དགོས་ཤིང་། ཁྱད་པར་རྣམ་འདྲེན་དམུ་རྒྱལ་སྲས་པོའི་ལུང་རྟོགས་ཀྱི་བསྟན་པའི་མངའ་བདག་བྲུ་ཞུ་སྤ་རྨེའུ་གཤེན་ལྔ་དང་། སྒོས་སུ་ས་གསུམ་གྱི་སྒྲོན་མེ་གཅིག་པུ་རྒྱལ་དབང་མཆོག་སྤྲུལ་འདྲེན་པ་རྣམ་བཞིའི་རིང་ལུགས་སོགས་གཤེན་བསྟན་གསར་རྙིང་རིས་སུ་མ་ཆད་པའི་བསྟན་པ་གསེར་སྦྱངས་བཙོ་མ་ལྟ་བུའི་རང་བཞིན་གཞི་སྙིང་རྗེ་ཆེན་པོར་བརྟེན་ནས། ལྟ་བ་ཡས་ཕུབ་དབུ་མ་ཆེན་པོ། སྤྱོད་པ་མས་འཛེག་བསླབ་གསུམ་ཉམས་ལེན། སྒོམ་པ་ཐབས་མཁས་ཕ་རོལ་ཕྱིན་བཅུ། མྱུར་ལམ་ཐེག་ཆེན་རིམ་པ་གཉིས་ཀྱི་ཉམས་ལེན། ཁྱད་པར་འོད་གསལ་རྫོགས་པ་ཆེན་པོར་བརྟེན་པ་སོགས་ལམ་གྱི་གནད་རྣམས་ཚང་ལ་མ་ནོར་བར་སྟོན་པའི་ལམ་བཟང་པོ་འདི་ཉིད་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་། བསྟན་པ་དེ་ཉིད་འཛིན་སྐྱོང་སྤེལ་བའི་སྐྱེས་བུ་དམ་པ་སྤྱི་དང་། ཁྱད་པར་ཁོ་བོ་ཅག་ལ་སྨིན་གྲོལ་བོན་གྱི་བདུད་རྩིའི་བགོ་སྐལ་སྩོལ་བའི་བླ་མ་གཡུང་དྲུང་ཚུལ་ཁྲིམས་དབང་རྒྱལ་དཔལ་བཟང་པོ་ལ་སོགས་བསྟན་པ་ལ་བྱ་བ་མཛད་ནས་དགོངས་པ་བོན་ཉིད་ཀྱི་དབྱིངས་སུ་ཞི་བར་གཤེགས་པ་རྣམས་ཀྱི་ཐུགས་ཟག་པ་མེད་པའི་དགོངས་པ་ཁྱད་པར་ཅན་གོང་ནས་གོང་དུ་ཡོངས་སུ་རྫོགས་པ་དང་། ད་ལྟ་ཞལ་བཞུགས་པའི་བསྟན་འཛིན་གྱི་སྐྱེས་བུ་དམ་པ། སྐྱབས་རྗེ་མཆོག་གི་སྤྲུལ་བའི་སྐུ་བསྟན་འཛིན་འཆི་མེད་དབང་པོ་དང་། རིན་སྤུངས་སྐུ་ཞབས་རིན་ཆེན་ཤེས་རབ་རྣམ་རྒྱལ་དང་། གདུང་ལི་སྤྲུལ་བའི་སྐུ་རིན་པོ་ཆེ་བསྟན་པ་དར་རྒྱས་སོགས་སྤངས་རྟོགས་ཕུན་སུམ་ཚོགས་པ་མཐའ་དག་དང་། བྱང་ཆུབ་སེམས་དཔའི་རིགས་ཡོངས་སུ་སད་པ་ལས་དངོས་སམ་བརྒྱུད་ནས་སེམས་ཅན་གྱི་དོན་ནུས་པའི་སྐྱེས་བུ་དམ་པ་ཐེག་པ་གསུམ་གྱི་ལམ་ནས་དོན་གཉིས་བསྒྲུབ་པ་ལ་བརྩོན་པ་རྣམས་ཀྱི་བཞེད་དོན་འབད་མེད་དུ་འགྲུབ་ཅིང་སྐུ་ཚེ་རྒྱལ་མཚན་ཡུན་རིང་དུ་བརྟན་པ་དང་། ཡང་ཁྱད་བོན་གླིང་སྨིན་གྲོལ་བཀྲ་ཤིས་འཁྱིལ་གྱི་དགེ་འདུན་འདུས་པའི་སྡེ་འདི་རྣམས་ཀྱི་ཐུགས་མཐུན་ཞིང་ཁྲིམས་གཙང་བའི་སྒོ་ནས་ཕྱི་བསླབ་པ་གསུམ་གྱི་ཉམས་ལེན། ནང་སྡེ་སྣོད་གསུམ་གྱི་འཆད་ཉན། གསང་བ་རིམ་གཉིས་ལམ་གྱི་སྒྲུབ་པ། ཡང་གསང་གྲོལ་ལམ་རྫོགས་པ་ཆེན་པོ་བསྒོམ་པ་ལ་བརྟེན་ནས་ལམ་ལྔ་ས་བཅུའི་ཡོན་ཏན་ཡོངས་སུ་རྫོགས་ཤིང་། རང་བཞིན་གྱི་དོན་མ་ལུས་པ་མཐར་ཕྱིན་པ་དང་། བསྟན་པའི་སྦྱིན་བདག་དམ་པ་རྨེ་སྲས་མགོན་པོ་བསོད་ནམས་མ་སྲས་བློན་འབངས་སོགས་ཀྱང་རང་དབང་གི་དཔལ་ལ་ཚོགས་ཤེས་པའི་བག་ཡོད་ཀྱིས་འཚོ་ཞིང་མངའ་འབངས་བྱམས་པས་སྐྱོང་བའི་འདུན་པ་བཟང་པོ་དང་མི་འབྲལ་ཞིང་། སྐྱེ་རྒུ་ཐམས་ཅད་ལ་རང་བཞིན་དུ་མཐོ་རིས་ཀྱི་ཡོན་ཏན་བདུན་དང་ལྡན་ཞིང་། ཕན་ཚུན་མཛའ་བཤེས་ཀྱི་སེམས་དང་ལྡན་པའི་ངོས་ནས་སྙིགས་མ་ལྔ་ཡི་རྒུད་པ་བཅོམ་ནས་ལས་ངན་གྱི་རྒྱུ་འབྲས་སྟོངས་ནས་བདེ་སྐྱིད་དཔལ་འབྱོར་ལ་ཡུན་རིང་དུ་སྤྱོད་པ་དང་། གུས་ཕྲན་སྤྲུལ་མིང་བ་ཚུལ་ཁྲིམས་བསྟན་པའི་རྒྱལ་མཚན་བདག་ལ། ལུང་རྟོགས་ཀྱི་ཡོན་ཏན་གང་ཡང་མེད་བཞིན། ཡུལ་འདི་ན་བླ་མ་ལྟ་བུ་ཞིག་གི་མིང་འཛིན་སྟབས་གསོན་གཤིན་གྱི་དད་རྫས་དཀོར་ནག་འཛེམ་མེད་དུ་སྤྱོད་པས་རྣམ་སྨིན་གྱི་ཁུར་ལྕི་བ་ཞིག་ལགས་ན། གུས་ཕྲན་བདག་ལ་རེ་ལྟོས་འཆའ་བའི་རྒྱུ་སྦྱིན་པའི་བདག་པོ་བདག་མོ་ཤི་གསོན་ཁ་ལག་འབྲེལ་བའི་རེ་ལྟོས་གང་ཡོད་རྣམས་ཀྱི་ཚེ་རབས་ཐོག་མེད་ནས་བསགས་པའི་བག་ཆགས་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག་ནས་ཟག་མེད་ཀྱི་ཕུང་བོ་རྒྱུད་ལ་རྫོགས་ཤིང་རང་དོན་དུ་བོན་སྐུ་ཐོབ་ཅིང་གཞན་དོན་དུ་གཟུགས་སྐུ་རྣམ་པ་གཉིས་ཀྱིས་འགྲོ་བ་སེམས་ཅན་གྱི་དོན་བྱེད་པ་དང་། གལ་ཏེ་སངས་མ་རྒྱས་པའི་ཚེ་རབས་ཐམས་ཅད་དུ་ངན་འགྲོ་ལོག་པར་ལྟ་བའི་གནས་སུ་ནམ་ཡང་མི་སྐྱེ་ཞིང་། དལ་འབྱོར་བཅོ་བརྒྱད་དང་ལྡན་པའི་ལུས་རྟེན་བཟང་པོ་ཐོབ་ཅིང་ཚེ་དེ་ལ་ངེས་འབྱུང་གི་བསམ་པས་རྒྱུད་བསྐུལ་ནས་རྒྱལ་བའི་བསྟན་པ་དང་མཇལ་ཏེ། བཤེས་གཉེན་དམ་པས་ཟིན་ཅིང་དེ་ཡང་མཉེས་པ་གསུམ་གྱིས་བསྟེན་ཏེ། རང་རྒྱུད་ལ་བསྟན་པ་ཡོངས་སུ་རྫོགས་པའི་སྐལ་བ་དང་ལྡན་ཞིང་། ཐེག་པ་སྡེ་སྣོད་གཉིས་ལ་ཐོས་བསམ་སྒོམ་གསུམ་བྱེད་ཅིང་། ཉེས་ལྟུང་གི་དྲི་མས་མ་གོས་པར་རྒྱལ་བ་དགྱེས་པའི་སྤངས་རྟོགས་ཀྱི་ཡོན་ཏན་མངོན་དུ་བརྙེས་ནས་གཞན་དོན་དུ་གཟུགས་སྐུ་རྣམ་པ་གཉིས་ཀྱིས་འགྲོ་བསེམས་ཅན་གྱི་དོན་དཔལ་ཏུ་མེད་པར་མཛད་ནུས་པ་དང་། ཞར་བྱུང་གུས་ཕྲན་བདག་ཅག་ལའང་། གནས་སྐབས་སུ་མི་འདོད་པའི་ཉེར་འཚེ་ཞི་ཞིང་། དགེ་བསམ་སྤྱི་དང་ཁྱད་པར་སྡོམ་གསུམ་གྱི་བཅས་མཚམས་ལ་ཉེས་པའི་སྐྱོན་གྱིས་མི་གོས་པར། སྒོ་གསུམ་གྱི་བགྱི་བ་མཐའ་དག་བསྟན་པའི་ཞབས་འདེགས་སུ་འགྱུར་བ་དང་། མདོར་ན་ལྟོས་བཅོས་བདག་ཅག་འབྲེལ་ཐོགས་དང་བཅས་ཚེ་རབས་པདྨ་དཀར་པོའི་ཕྲེང་བར་མགོན་པོ་གང་གི་ཐུགས་རྗེ་འཛིན་བྱེད་མཛའ་གཅུག་གིས་ནམ་ཡང་མི་གཏོང་བར་རྣམ་གྲོལ་སྦྲང་རྩིའི་བཅུད་ཀྱིས་གཏམས་པའི་སྐྱབས་འཇུག་ཀུན་གཟིགས་ཡེ་ཤེས་ཀྱི་ཀློང་ནས་དུས་ནམ་ཡང་འདོར་བ་མེད་པའི་བཀའི་ཞལ་བཞེས་ཙྪིནྟཿམ་ཎི༔ཥི་ཕྲེང་བ་བདེ་ཆེན་འཁོར་ལོའི་རྒྱུན་དུ་སྩོལ་བར་མཁྱེན་མཁྱེན། ཞེས་གུས་པ་ཆེན་པོས་རྩེ་གཅིག་ཏུ་གསོལ་བ་འདེབས་པ་ལགས། ༧ ཞེས་པ་འདི་ཡང་འཇམ་དབྱངས་མཁྱེན་རབ་རྒྱ་མཚོས་སོ།། སརྦ་མངྒ་ལཾ།།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།