བསྟན་འཛིན་འཆི་མེད་དབང་པོ་གདན་སར་བཀོད་སྐབས་ཕུལ་བའི་མཎྜལ་བཤད་པ།

བསྟན་འཛིན་འཆི་མེད་དབང་པོ་གདན་སར་བཀོད་སྐབས་ཕུལ་བའི་མཎྜལ་བཤད་པ།
འཇམ་དབྱངས་མཁྱེན་རབ་རྒྱ་མཚོ།

 ༄༅།། འོ་དེ་ཡང་ཇི་སྐད་དུ། དུས་གསུམ་ཕྱོགས་བཅུའི་རྣམ་འདྲེན་ཡོངས་ཀྱི་གསང་གསུམ་སྒྱུ་འཕྲུལ་རོལ་བ་གང་། ། བརྒྱ་དང་བཅུ་གཉིས་མཚན་དཔེའི་དཔལ་གྱི་ལང་ཚོ་མཆོག་ཏུ་ཡོངས་སྨིན་པ། ། མཚན་ཙམ་དྲན་པས་འཆི་བདག་ཚོགས་འཇོམས་བདེ་བཤེགས་མཁའ་འགྱིང་རིགས་ལྔའི་ལྷས། ། འདྲེན་པ་ཁྱོད་ཞབས་བསྐལ་བརྒྱར་བརྟན་ཅིང་མཛད་འཕྲིན་རྒྱས་པའི་ཤིས་པ་སྩོལ། ། ༧ ཅེས་འཆི་མེད་ཚེ་སྦྱིན་ལྷ་ལྔའི་ཐུགས་རྗེ་བསྐུལ་བའི་ཤིས་པ་བརྗོད་པའི་དབྱངས་ཀྱིས་འཇིག་རྟེན་གསུམ་དགེ་ལེགས་སུ་བྱས་ནས་གང་ཞུ་ན། རང་ཅག་གི་འདྲེན་པ་བླ་ན་མེད་པ་རྒྱལ་བ་མཉམ་མེད་ཆེན་པོས་གདུལ་བྱ་རྒྱ་མཚོ་མཐའ་ཡས་འདུལ་སླད་དུ། འཕྲིན་ལས་རྒྱ་མཚོ་བཀོད་ལེགས་མཐའ་ཡས་ཀྱིས། ། འཁོར་བའི་རྒྱ་མཚོ་མཐའ་ནས་སྐེམ་མཛད་པ། ། སྟོན་མཆོག་བསྟན་པའི་དཔལ་ལ་གུས་ཕྱག་འཚལ། ། ཞེས་གསུངས་པ་ལྟར་སྐྱེ་རྒུའི་སྐྱབས་དང་སྐྱོབ་པ་གཅིག་པུར་གྱུར་བ། བདག་ཅག་གི་སྟོན་པ་རྣམ་འདྲེན་དམུ་རྒྱལ་སྲས་པོ་དེ་ཉིད་ཀྱིས། ཐོག་མར་བདག་བས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བཅོས་མིན་དུ་བསྐྱེད་ཅིང་། བར་དུ་བསྐལ་བ་གྲངས་མེད་གསུམ་དུ་ཚོགས་གཉིས་ཀྱིས་བསྡུས་པའི་རྒྱལ་སྲས་ཀྱི་སྤྱོད་པ་ཕྱིན་དྲུག་བསྡུ་བཞིའི་བསླབ་བྱ་མཐའ་དག་མཐར་ཕྱིན་པར་མཛད་དེ། མཐར་འབྲས་བུ་སྐུ་བཞིའི་གོ་འཕང་མངོན་དུ་མཛད་ཟིན་ཀྱང་། སྲིད་པའི་གཅོང་རོང་ཟབ་མོར་སྡུག་བསྔལ་དུ་མས་ཉམ་ཐག་པའི་འགྲོ་བ་མཐའ་དག་འདུལ་སླད་དུ། མ་དག་པའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པར། གདུལ་བྱ་རྣམས་ཀྱི་སྐལ་པ་དང་འཚམས་པའི་སྤྲུལ་པའི་བཀོད་པ་མཐའ་ཡསས་པས། རྣམ་གྲོལ་ཐར་བའི་གྲོང་དུ་དབུགས་འབྱིན་པའི་ཀུན་བཟང་སྤྱོད་པ་རྒྱ་མཚོའི་རོལ་པས་དུས་འདའ་བར་མཛད་ཅིང་། མི་མཇེད་འཇིག་རྟེན་གྱི་ཁམས་འདིར་ཡང་རྒྱལ་སྲས་གཞན་གྱིས་ཡར་བར་ཕོར་བའི་གདུལ་དཀའི་འགྲོ་རྣམས་འདུལ་བའི་ཐུགས་བསྐྱེད་སྐྱ་རེངས་སྣང་བས་ཉེ་བར་དྲངས་པའི། གཟུགས་སྐུའི་ཉིན་བྱེད་དབང་བོ་དམུ་རིགས་དབང་ཕྱོགས་རི་ལས་མངོན་པར་ཤར་ཏེ། མདོ་རྒྱུད་བོན་གྱི་འོད་སྣང་ཕྱོགས་བརྒྱར་འགྱེད་པས་ཐེགས་གསུམ་གདུལ་བྱའི་པད་ཚལ་ཆེས་ཆེར་རྒྱས་ཏེ། སྤངས་རྟོགས་ཡོན་ཏན་གྱི་བསུང་ཞིམ། ཐར་འདོད་བུང་བ་མཐའ་དག་འགུགས་པའི་ཕོ་ཉར་གྱུར། རྣམ་འདྲེན་སྨྲ་བའི་ཉི་མ་དེ་ཡང་ཕྱི་མའི་འགྲོ་ལ་རྗེས་ཆགས་པའི་དམར་འོད་དང་བཅས་ཏེ། བོན་དབྱིངས་ནུབ་རིའི་རྩེ་མོར་རིང་དུ་གཤེགས་པའི་རྗེས་སུ་ཡང་། འཕགས་ཡུལ་བོན་གྱི་རྒྱ་མཚོར་ལུང་དང་རྟོགས་པའི་གཟི་འོད་མངོན་པར་འཁྱུག་པ། གསུང་གི་སྟོན་པ་གདུང་སོབ་ཆེན་པོ་སོགས་པཎ་གྲུབ་གསེར་རིའི་ཕྲེང་བ་ཚར་དུ་དངར་བས་གཤེན་བསྟན་རིན་ཆེན་ལྷུན་པོ་ཀུན་ནས་མཛེས་པར་གྱུར། ཁྱད་པར་སཱ་ལའི་ལྗོངས་འདིར་བོན་ཇི་ལྟར་དར་ན། མདོ་འདུས་ལས། ང་ནི་མྱ་ངན་འདས་འོག་ཏུ། །མི་ལོ་སུམ་བརྒྱ་དྲུག་ཅུ་ནས། ལྷ་དང་ཀླུ་དང་མི་ཡི་ཡུལ། །བསྒྲགས་པའི་བོན་གཅིག་འབྱུང་འགྱུར་ཏེ། །མི་རྗེ་ལྷས་མཛད་རྒྱལ་བོ་ཡང་། །མངོན་སུམ་དུ་ནི་མི་ཡི་ཡུལ། །ལྷ་རི་གྱང་མ་གྱང་ཐོར་འབྱུང་། ། ཞེས་གསུངས་པ་ལྟར། བོད་རྗེ་གཉའ་ཁྲི་བཙད་པོ་སོགས་སྤྲུལ་བའི་རྒྱལ་པོ་རྣམས་དང་། རྒྱལ་གཤེན་ནམ་མཁའ་སྣང་མདོག་དང་། ཐུགས་སྟོན་རྒྱལ་དབང་འཆི་མེད་ཡབ་སྲས་སོགས་མཁས་གྲུབ་ཀྱི་ལོ་པཎ་གྲངས་ལས་འདས་པ་རྣམས་ཀྱི། ཐུགས་བསྐྱེད་གངས་ཀྱི་རི་བོ་ལས་འོང་པའི་བསྟན་པའི་ཆབ་ཀླུང་འབུམ་ཕྲག་གངས་ལྗོངས་འགྲོ་བའི་བསོད་ནམས་ཀྱི་གཤོང་བུར་རིམ་པར་བབས་ཏེ། སྣ་ཚོགས་གྲུབ་མཐའི་རླབས་སྒྲ་སྙན་པར་གྲགས་པ་སྐྱེ་རྒུའི་རྣ་བའི་བཅུད་ལེན་དུ་གྱུར། དེ་ཡང་སྔ་དར་གྱི་བསྟན་ལ་བྲུ་ཞུ་སྤ་རྨེ་གཤེན་ལྔ་ཞེས་གཡུང་དྲུང་བསྟན་པའི་བཀའ་སྲོལ་དྲི་མ་མེད་པ་འཛིན་པའི་གདུང་རབས་རིམ་པར་བྱོན་ཞིང་། ཁྱད་པར་དུ་མཉམ་མེད་རྒྱལ་བ་གཉིས་པ་ཡབ་སྲས་བརྒྱུད་པར་བཅས་པས། རྣམ་དག་ལྟ་སྒོམ་སྤྱོད་པས་གཞི་བཟུང་སྟེ། འཁོར་ལོ་གསུམ་གྱི་མཛད་པ་བཟང་པོས་བསིལ་ལྡན་ཡངས་པའི་ལྗོངས་འདིར། རྒྱལ་བ་སྨན་རི་བ་ཞེས་གྲགས་པ་དོན་དང་ལྡན་པའི་རང་ལུགས་སྲིད་མཐར་གསལ་བར་མཛད་ཅིང་། ཕྱི་དར་གྱི་བསྟན་ལ་རྒྱལ་དབང་མཆོག་སྤྲུལ་འདྲེན་པ་རྣམ་བཞིས་རླབས་ཆེན་བཤད་དང་སྒྲུབ་པའི་ཕྲིན་ལས་ཀྱི་འོད་སྣང་ཕྱོགས་བརྒྱར་སྤྲོས་པས། ཡོངས་རྫོགས་གཤེན་བསྟན་འདབ་སྟོང་དགའ་ཚལ་ཀུན་ནས་འཛུམ་ཞིང་། ས་གསུམ་མྱ་ངན་མེད་པའི་དཔལ་ལ་རེག་པར་གྱུར། གང་གི་རིང་ལུགས་རྨ་མེད་འཛིན་པའི་ཁྲོད་ན། ཡོངས་རྫོགས་གཤེན་བསྟན་གླིང་བཞིའི་ཁྱོན་ལ་མཁས་བཙུན་བཟང་གསུམ་གྱི་འཁོར་ལོས་འདོད་རྒུར་མངའ་བསྒྱུར་བའི་སྐྱབས་གཅིག་ཐམས་ཅད་གཟིགས་པའི་མཆོག་གི་སྤྲུལ་པའི་སྐུ་རིན་པོ་ཆེ་གང་ཉིད་ནི། ངེས་པའི་དོན་དུ་དཔག་མེད་བསྐལ་བའི་གོང་ནས་བོན་སྐུ་བདེ་བ་ཆེན་པོའི་གོ་འཕང་མངོན་དུ་མཛད་ཟིན་ཀྱང་། རྒྱལ་སྲས་རྒྱ་མཚོའི་རོལ་བས་སྲིད་འདིར་མཐའ་ཀླས་འགྲོ་བ་སྒྲོལ་བའི་མགོན་དུ་གྱུར་པའི་ངོ་མཚར་ཀུན་གསལ་སྒེག་མོའི་ཕ་མཐའ་ལྟར་གཞལ་དུ་མ་མཆིས་ཀྱང་། ཚུལ་མཐོང་མོས་ངོར་ཞལ་གྱིས་བཞེས་པའི་སྐུ་འཕྲེང་གི་དབང་དུ་བྱས་ན། ནུབ་ཕྱོགས་བདེ་ལྡན་ཞིང་གི་མགོན་པོའི་སྤྱན་སྔར་བྱང་ཆུབ་ཏུ་ཐུགས་བསྐྱེད་དེ། དག་དང་མ་དག་གི་གདུལ་བྱ་མཐའ་དག་འདུལ་སླད་སྤྲུལ་བའི་བཀོད་པ་མཐའ་ཡས་པ་བསྟན་པའི་ཚུལ་ནི། གསང་རྣམ་ལས། སོར་རྟོགས་ཡེ་ཤེས་འོད་སྣང་མཐའ་ཡས་དྲུང་། །མཁའ་ཁྱབ་འགྲོ་ཀུན་འདྲེན་པར་དམ་བཅའ་བཞིན། །སྤྲུལ་བའི་ཟློས་གར་གསེར་སྦྱང་རི་བོའི་འཕྲེང་། །རླབས་ཆེན་ཕྲིན་ལས་འོད་ཀྱི་རྩེ་དགའ་འཛིན། །ཞེས་གསུངས་པ་ལྟར་ལགས་ལ། ཁྱད་པར་ཨོ་རྒྱན་སངས་རྒྱས་གཉིས་པའི་དྲུང་དུ། རྒྱ་ཞང་བོད་ཀྱི་པཎྚི་ཏ་རྣམས་ཀྱི་གཙུག་གི་ནོར་བུ་གྱུར་བ། སྐད་གཉིས་སྨྲ་བ་བེེ་རོ་ཙ་ན་ཞེས་འཕགས་བོད་ཀྱི་ཡུལ་ཀུན་ཏུ་མཚན་ཉི་ཟླ་ལྟར་གྲགས་པ་དེ་ཉིད་ཀྱི་བསྟན་གཉིས་ཟུང་འབྲེལ་དུ་གསལ་བར་མཛད་པའི་བཀའ་དྲིན་ད་ལྟའི་བར་དུ་ཉམས་པ་མེད་པ་འདི་ལགས་ལ། དེ་ནས་ཀྱང་ཚེ་གཅིག་ལ་ཟུང་འཇུག་གི་གོ་འཕང་མངོན་དུ་མཛད་པའི་གྲུབ་ཐོབ་དང་། ཕྱི་ནང་གྲུབ་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན་པའི་མ་ཧཱ་པཎྚི་ཏ། འཛིན་མའི་དཀྱིལ་འཁོར་དགེ་བཅུའི་བཀའ་ཁྲིམས་ཀྱིས་སྐྱོང་བའི་ས་སྤྱོད་ཆེན་པོ་སོགས། དམ་པའི་སྐྱེས་འཕྲེང་བར་མ་ཆད་པར་བྱོན་པའི་ནང་ནས། མདོ་ཁམས་སྨད་ཀྱི་ལྗོངས་འདིར། གྲུབ་པའི་འཁོར་སྒྱུར་ཆེན་པོ་རྣལ་འབྱོར་ལྷུན་གྲུབ་དབང་ལྡན་གྱིས། ངེས་དོན་བསྟན་པའི་སྒྲོན་མེད་ཐོག་མར་སྤར་བར་མཛད་ཅིང་། དེ་ནས་ཀྱང་། ༧ རྔ་ལྗོངས་ཡངས་པའི་ཁྱོན་འདིར་གཤེན་བསྟན་རླུང་ནང་གི་མར་མེ་དང་། བསྟན་འཛིན་ཉིན་སྐར་གྱི་དཔེ་ལྟར་སོང་བས། བྱེད་རྒྱུ་ཚེ་འདི་གལ་ཆེན་བྱེད་པའི་ཟོག་པོ་ཕྱི་ཚུལ་མཁན་དུ་མས་གང་བའི་མཐའ་འཁོབ་མུན་པའི་གླིང་ལྟ་བུར་གྱུར་བ་ན། སྨིན་གྲོལ་བསྟན་པའི་ཉིན་བྱེད་ནུབ་མེད་གསལ་བར་མཛད་པའི་བྱེད་པོ་ནི། ཚེ་དབང་དངོས་བྱོན་འདྲེན་མཆོག་གཡུང་དྲུང་ཚུལ་ཁྲིམས་དང་། སྐྱབས་རྗེ་མཆོག་གི་སྐུ་འཕྲེང་གོང་མ་གསང་བདག་བསོད་ནམས་ཕུན་ཚོགས་དང་། རྒྱལ་སྲས་ཆེན་པོ་ཚུལ་ཁྲིམས་ཡེ་ཤེས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་ཡབ་སྲས་གསུམ་ཡིན་ལ། དེ་ཡང་གསང་བདག་བསོད་ནམས་ཕུན་ཚོགས་དེ་ཉིད་ཀྱི་རྣམ་ཐར་མདོ་ཙམ་བརྗོད་ན། ཐོག་མར་རིགས་ཕུན་སུམ་ཚོགས་པར་སྐྱེ་བ་བཞེས་ནས། མཁས་བཙུན་ཡོངས་འཛིན་དུ་མའི་ཞབས་བསྟེན་ཏེ། མདོ་རྒྱུད་རིག་གནས་མཐའ་དག་ལ་མཁྱེན་རབ་ཀྱི་ཀློང་རྡོལ་བའི་ཚུལ་བསྟན། བར་དུ་འདིར་སྣང་གི་གཡེང་བ་རྒྱང་དུ་བསྲིང་ནས་ཐུན་མོང་དང་ཐུན་མོང་མིན་པའི་ལམ་གྱི་རིམ་པའི་ཐུགས་དམ་ཉམས་བཞེས་ལ་བརྩོན་པ་གནང་བས། ཉམས་རྟོགས་མངོན་དུ་གྱུར་ཅིང་། ཡི་དམ་གྱི་ལྷ་མང་པོའི་ཞལ་གཟིགས་དང་མཁའ་སྤྱོད་སོགས་དག་པའི་ཞིང་དུ་མར་བགྲོད་པ་སོགས། ཡ་མཚན་པའི་རྣམ་ཐར་དཔག་ཏུ་མེད་དེ། འཇིགས་མེད་གླིང་པས། མཁའ་སྤྱོད་རིག་འཛིན་ཚོགས་གྲལ་ནས། །གསང་གསུམ་བཀའ་ཡི་གཏད་རྒྱ་ཐོབ། །ཕྱི་ནང་ལྷ་ཞལ་དུ་མ་གཟིགས། མངོན་སུམ་ལྷ་འདྲེས་བླ་རྡོ་ཕུལ། བཤད་སྒྲུབ་སེམས་དཔའི་སྒོམ་གྲྭ་བཙུག །སྐྱེ་གནས་སྔ་ཕྱི་སྒྲིབ་མེད་མཁྱེན། །ཐོས་བསམ་སྒོམ་པས་གཞན་རྒྱུད་གྲོལ། །ལྷོངས་ཚད་མཚོ་འཕྱུར་གློག་འཇིགས་བྲལ། ཞེས་སོགས་གསུངས་པ་ལྟར་ལགས་ལ། ཐ་མར་སྒྲུབ་འབྲས་མངོན་གྱུར་གྱིས་ནག་ཕྱོགས་བདུད་རིགས་མཐའ་དག་རྨེག་མེད་དུ་བཅོམ་ནས། བསྟན་འགྲོའི་དོན་ཆེན་ལྷུན་གྱིས་གྲྭབ་པར་མཛད་པ་སྟེ། མདོར་ན་གསང་རྣམ་ལས། ཀློག་པ་ཐོས་བསམ་གྱི་འཁོར་ལོའི་སྦྱངས་སྟོབས་ཀྱིས། །སྤོང་བ་བསམ་གཏན་འཁོར་ལོའི་མཐར་སོན་ཏེ། །བྱ་བ་ལས་ཀྱི་འཁོར་ལོས་རྒྱལ་བསྟན་འཛིན། །ཞེས་གསུངས་པ་ལྟར། འཁོར་ལོ་གསུམ་གྱི་མཛད་བཟང་ཟླ་གཞོན་འོད་ཀྱིས། གཤེན་བསྟན་ཆུ་གཏེར་ཆེན་པོ་ཀུན་ནས་རྒྱས་ཤིང་། གཟུར་གནས་མཁས་མང་ཡོངས་ཀྱི་དགྱེས་ཞག་ཀུནྡྷའི་དགའ་ཚལ་མངོན་དུ་འཛུམ་པར་གྱུར། ༧ དེ་ནས་སྐྱབས་རྗེ་སྐུ་འཕྲེང་གཉིས་པ་དེ་ཉིད་ཀྱང་། སྤྲུལ་པའི་གཏེར་ཆེན་མི་འགྱུར་ཚེ་དབང་གསང་སྔགས་གྲགས་པའི་གཏེར་གྱི་ཁ་བྱང་སོགས་ནས་ཚད་མའི་སྐྱེས་བུར་བསྔགས་ཤིང་། སྐུ་ཡི་ན་ཚོད་ཕྲ་མོ་ནས་ཀྱང་། དམ་པའི་མཛད་བཟང་རྨ་མེད་བརྐྱངས་པས་གདུལ་བྱའི་དང་བ་འདྲེན་པ་དང་། ཁྱད་པར་བསྟན་པའི་གཞི་རྩ་སོ་ཐར་ཡིན་པར་གཟིགས་ནས། རྣམ་དག་བསླབ་པས་གཞི་བཟུང་སྟེ། གསང་སྔགས་ཀྱི་བསྙེན་སྒྲུབ་སོགས་ལ་ཐུགས་བརྩོན་གནང་པས། ཡི་དམ་གྱི་ཞལ་གཟིགས་དང་། བོན་སྐྱོང་རྣམས་ཀྱིས་འཕྲིན་ལས་སྒྲུབ་པའི་དབྱར་དམ་བཅས་པ་སོགས་ཐུན་མོང་དང་མཆོག་གི་དངོས་གྲུབ་བརྙེས་པའི་རྣམ་ཐར་བསམ་གྱིས་མི་ཁྱབ་ལ། སྐལ་བཟང་གདུལ་བྱར་སྨིན་གྲོལ་བོན་གྱི་འཁོར་ལོ་རྒྱ་ཆེན་བསྐོར་བ་སོགས་བསྟན་པ་ལ་བྱ་བ་མཛད་པའི་སྐྱེས་བུ་ཆེན་པོ་ཡིན་ལ། སྐྱབས་མཆོག་ཐམས་ཅད་གཟིགས་པ་དེ་ཉིད་སླར་ཡང་བདག་སོགས་སྙིགས་མའི་འགྲོ་བ་རྣམས་ཀྱི་མགོན་དུ་བསམ་བཞིན་སྲིད་པ་སྒྱུ་མའི་རོལ་རྩེད་བསྒྱུར་བ། སྐྱབས་མཆོག་སྤྲུལ་བའི་སྐུ་མཚུངས་ཟླ་མ་མཆིས་པ་ཉིད་ནི། སྐུ་འཕྲེང་གོང་མ་དེ་དག་རྣམས་དང་སྐུ་ཡི་རྣམ་པ་ཐ་དད་པ་ཙམ་མ་གཏོགས། མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་གང་གི་ཆ་ནས་ཀྱང་ནམ་མཁའི་ནོར་བུ་ནུབ་རིར་ཡིབས་པ་སླར་ཡང་ཤར་བ་བཞིན། འཕེལ་འགྲིབ་ཀྱི་རྣམ་པ་ཅུང་ཟད་ཙམ་ཡང་མེད་པར་མ་ཟད། ཡོངས་རྫོགས་བསྟན་པའི་མངའ་བདག་འགྲོ་བའི་འདྲེན་པ་ཆེན་པོ་གཅིག་པུར་གྱུར་བ་ལགས་ལ། དེང་དཔལ་ཐོབ་ཟླ་བའི་གྲལ་ཚེས་དགེ་བ་ལ། སངས་རྒྱས་དྲི་མེད་སྣང་བ་ཞེས་བྱ་བ་བདེ་བ་ཅན་གྱི་ཞིང་ནས་བྱོན་ཏེ་སུམ་ཅུ་རྩ་གསུམ་གྱི་ལྷ་གནས་རྣམས་ལ་བོན་གྱི་འཁོར་ལོ་བསྐོར་བའི་དུས་ཆེན་འདིར། བསྟན་འགྲོའི་ཕན་བདེའི་གསོས་སྨན་དམ་པར་ཞབས་ཟུང་བཀྲ་ཤིས་གསེར་སྦྱངས་འཁོར་ལོའི་མི་འཇིགས་གདོང་ལྔའི་ཁྲི་ལ་ཉེ་བར་བཀོད་དེ། རྒྱལ་བའི་རྒྱལ་ཚབ་ཏུ་མངའ་གསོལ་ཞིང་། བསྐལ་བ་རྒྱ་མཚོའི་བར་དུ་ཞབས་པད་འགྱུར་མེད་གཡུང་དྲུང་གི་ཁམས་སུ་བརྟན་པ་དང་། རྣམ་པར་དཀར་བའི་མཛད་འཕྲིན་རླབས་པོ་ཆེས་རྒྱལ་བ་རང་ཉིད་སླར་ཡང་བྱོན་པ་དང་མི་གཉིས་པར་སྐྱེ་རྒུ་སྨིན་གྲོལ་གྱི་ལམ་ལ་འགོད་པའི་རྟེན་འབྱུང་དུ། ཐོག་མར་སྐུ་ཡི་རྟེན་དུ་མགོན་པོ་ཚེ་མཐའ་ཡས་པའི་སྐུ་བརྙན་གསེར་ཟངས་ལས་གྲུབ་པ། གསུང་གི་རྟེན་དུ་སྟོབས་བཅུ་མངའ་བའི་ལེགས་མཛད་རྒྱ་ཆེར་སྟོན་པའི་དྲི་མེད་རྩ་བའི་མདོ་ཡི་པུསྟ་ཀ ཐུགས་རྟེན་དུ་གཡུང་དྲུང་བཀོད་ལེགས་ཀྱི་མཆོད་རྟེན། གཞན་ཡང་ཞིང་ཁམས་རབ་འབྱམས་རྒྱ་མཚོའི་སྣོད་བཅུད་ཀྱི་བཀོད་པ་མ་ཚང་བ་མེད་པར་ཕུལ་བའི་དགེ་བའི་དངོས་པོ་འདི་དང་། བསླུ་མེད་མཆོག་གསུམ་སྲུང་མའི་བྱིན་རླབས། མགོན་པོ་གང་གི་ཐུགས་བསྐྱེད། བདག་ཅག་གདུལ་བྱའི་དད་མོས། བོན་དབྱིངས་རྟེན་འབྲེལ་བསླུ་བ་མེད་པའི་བདེན་སྟོབས་ཐམས་ཅད་གཅིག་ཏུ་འཚོགས་པའི་རྟེན་འབྱུང་གི་མཐུ་ལས། རྣམ་འདྲེན་དམུ་རྒྱལ་སྲས་པོའི་ལུང་རྟོགས་ཀྱི་བསྟན་པ་སྤྱི་དང་བྱེ་བྲག་ཏུ་མཆོག་སྤྲུལ་འདྲེན་པ་རྣམ་བཞིའི་མདོ་སྔགས་ཟུང་འབྲེལ་གྱི་རིང་ལུགས་ཡར་ཟླ་ལྟར་འཕེལ་བ་དང་། བསྟན་འཛིན་གྱི་སྐྱེས་བུ་སུམ་ལྡན་ངུར་སྨྲིག་འཆང་བའི་སྡེ་སྤྱི་དང་། ཁྱད་པར་དུ་སྐྱབས་རྗེ་མཆོག་གི་སྤྲུལ་བའི་སྐུ་རིན་པོ་ཆེ་གང་ཉིད། ངེས་དོན་གཡུང་དྲུང་ལྟ་བུའི་སྐུ་ལ་སྐྱེ་འཆི་མི་མངའ་ནའང་། དྲང་དོན་གཟུགས་སྐུ་རགས་་པའི་ཟ་མ་ཏོག་འདི་ཉིད་སྙིགས་མའི་དུས་འདིར་མ་དག་གདུལ་དཀའ་རྣམས་ཀྱིས་དམ་པས་སྨད་པའི་ལོག་སྤྱོད་ལྷུར་བླངས་པས། ཐུགས་དབྱུང་ཞིང་སྐྱོ་བ་དང་ངལ་བའི་ཚུལ་མི་སྟོན་པར་ལྷག་པར་ཐུགས་བསྐྱེད་ཀྱི་གོ་ཆ་མཆོག་ཏུ་བགོས་ཏེ། ཇི་སྲིད་ཀུན་གསལ་མཛེས་མས་ཉི་ཟླའི་རྣ་ཆ་ངོམ་པ་དེ་སྲིད་དུ། བཀྲ་ཤིས་རེ་ཁས་མཚན་པའི་ཞབས་སྐྱེས་སྲིད་གསུམ་དྲེགས་ལྡན་ཡོངས་ཀྱི་གཙུག་ནོར་མཆོག་ཏུ་བརྟན་ཞིང་། མཁས་པའི་བྱ་བ་གསུམ་གྱིས། ཞྭ་དཀར་འཆང་བའི་རིང་ལུགས་རྨད་དུ་བྱུང་བའི། ལེགས་བཤད་ལྷ་ཡི་རྔ་གསང་རྒྱུན་མི་འཆད་དུ་བརྡུང་ཞིང་། ལུང་རྟོག་བསྟན་པའི་རྒྱལ་མཚན་ཆེན་པོ་ཕྱོགས་བཅུར་བསྒྲེང་བ་སོགས། མཁས་བཙུན་བཟང་གསུམ་གྱི་རྣམ་ཐར་རྨ་མེད་སྐྱོང་བ་ནི། ཞུ་དོན་གྱི་གཙོ་བོ་ལགས་ཤིང་། ཞར་བྱུང་འདིར་འཚོགས་ཡོངས་ལ་འབྲེལ་ཐོགས་དུས་ཀྱི་ཕོ་ཉའི་དབང་དུ་གྱུར་བ་ཐམས་ཅད་འཁོར་བ་སྤྱི་བྱེ་བྲག་གི་་སྡུག་བསྔལ་ལས་ཐར་ནས། མངོན་མཐོ་དང་ངེས་ལེགས་ཀྱི་དཔལ་ལ་འཁོད་པ་དང་། ཁྱད་པར་འདྲེན་མཆོག་གང་གི་ཞབས་པད་སྤྱི་བོར་བསྟེན་པའི་གུས་ཕྲན་བདག་ཅག་གི་རྣམ་པར་དཀར་བའི་བསམ་དོན་ཡིད་སྨོན་ལྟར་འགྲུབ་ཅིང་། བྱ་བ་གང་བརྩམས་ལེགས་ལམ་དུ་འགྲོ་བ་སོགས་གནས་སྐབས་དང་མཐར་ཐུག་གི་དོན་རྣམས་གེགས་མེད་འགྲུབ་པ་དང་། སྤྱིར་ན་ཡངས་པའི་རྒྱལ་ཁམས་ཀུན་ཏུ་ནད་ཡམས་མུ་གེ་འཐབ་རྩོད་ལ་སོགས་སྙིགས་མའི་རྒུད་པ་མཐའ་དག་ཞི་ཞིང་རྫོགས་ལྡན་དཔལ་གྱིུས་འགྲོ་རྣམས་འཚོ་བ་དང་། མདོར་ན་ལྟོས་བཅོས་བདག་ཅག་འབྲེལ་ཐོགས་དང་བཅས། ཚེ་རབས་པདྨ་དཀར་པོའི་ཕྲེང་བར་མགོན་པོ་གང་གི་ཐུགས་རྗེའི་ཉིན་བྱེད་མཛའ་གཅུག་གིས་ནམ་ཡང་མི་གཏོང་བར། རྣམ་གྲོལ་སྦྲང་རྩིའི་བཅུད་ཀྱི་གཏམས་པའི་སྐྱབས་འཇུག ཀུན་གཟིགས་ཡེ་ཤེས་ཀྱི་ཀློང་ནས་དུས་ནམ་ཡང་འདོར་བ་མེད་པ་མཁྱེན་མཁྱེན། ། ཞེས་རྩེ་གཅིག་ཏུ་གསོལ་བ་འདེབས་པ་ལགས། ཞེས་པ་འདི་ཡང་བསྟན་འཛིན་འཆི་མེད་དབང་པོ་གདན་སར་བཀོད་སྐབས་འཇམས་དབྱངས་མཁྱེན་རབ་རྒྱ་མཚོས་སོ། །

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།