སྔོན་གླེང་གཡུང་དྲུང་ལྕགས་རི།

སྔོན་གླེང་གཡུང་དྲུང་ལྕགས་རི།
ཆོས་འཁོར་ཚང་ཉི་མ་འོད་ཟེར།

ཞང་ཞུང་སྨར་གྱི་སྐད་དུ་ན། ། གྱེར་རྒྱུམ་བཀྲ་འགི་ནིས་ཅུ་ཙེ། ། སྤུ་རྒྱལ་བོད་ཀྱི་སྐད་དུ་ན། ། བོན་སྒོ་འདོན་ཐེངས་ཉི་ཤུ་པ། །ཞེས་ཞང་བོད་ཟུང་སྦྲགས་ཀྱིས་མོལ་བའི་སྙིང་དོན་ནི། <<བོན་སྒོ་>>བཏོན་ནས་ད་བར་མི་ལོ་ཉི་ཤུ་ཧྲིལ་པོར་འཁོར་བས། དུས་ཚིགས་འདིར་གཙོ་སྒྲིག་པའི་འགན་གྱིས་གླེང་དགོས་པའི་གནད་ཅིག་སྟེ། གཞན་ལས་དགར་བའི་ངེད་རྩོམ་སྒྲིག་ཁང་ལ་དམིགས་བསལ་ཁུར་དུ་བབས་པའི་འགན་ཞིག་འཁྲི་ཞིང༌། འགན་དེ་དང་འབྲེལ་ནས་འབུར་དུ་འཕགས་པའི་ལྟ་བ་ཞིག་ཀྱང་བདོག
དེ་ཡང་ཞང་བོད་རང་སར་དར་བའི་ཆོས་ལུགས་ལ་དཀར་ནག་གམ་བརྡོལ་འཁྱར་བསྒྱུར་གསུམ་གྱི་སྒྲོ་འདོགས་དང༌། གཞི་ལམ་འབྲས་གསུམ་སོགས་བྲལ་བའི་སྐུར་འདེབས་རྣམས་འདིར་ཐལ་བའི་རྡུལ་དུ་བརླགས་ཤུལ་དངོས་ཡོད་ཀྱི་གཡུ༷ང་དྲུ༷ང་བོན༷་ཞིག་ར་སྤྲོད་བསྟར་རྒྱུ་དང་གཅིག ཡར་ཀླུང་གི་རྒྱལ་རྒྱུད་རྣམས་ཤཱཀྱ་དང་སྐྱ་བསེང་ལ་བཙན་གཏུགས་ཀྱིས་བོད་རྣམས་མི་འཁྱམས་ལྷ་རུ་བཀུར་བའི་དམུན་འཐོམ་ཁྱུ་རུ་སྙད་པའང་འདིར་ཁས་སུ་མི་འཆེ་བས། འོད་གསལ་ལྷ་ནས་མཆེད་པའི་ཞང་བོད་ཀྱི་རྒྱ༷ལ་ར༷བས་ལོ་རྒྱུ༷ས་ཁུངས་ཅན་རྣམས་གཙིགས་ཆེར་བཏེགས་ཏེ་བསྲུང་ཞིང་བསྐྱབ་རྒྱུ་དང་གཉིས། མཐའ་བཞིའི་ཁྱིམ་མཚེས་ན་ཅི་ཡང་འཛོམས་དུས་འུ་ཅག་ད་རུང་ཡང་སྤྱན་རས་གཟིགས་ཀྱི་སྤྲེལ་རྒན་སྒྲེན་ཧྲེང་དུ་ལྷག་པས། རྗེས་ལུས་ཀྱི་བར་འགྱངས་བསབ་ཕྱིར་རྒྱ་གར་ནས་ཆོས་དང༌། སྟག་གཟིག་ནས་ནོར། བལ་པོ་ནས་བཟོ། རྒྱ་ནག་ནས་ཟས། སོག་པོ་ནས་གོས་སོགས་བསླངས་རབས་ཀྱི་གླེང་མོལ་ཡང་འདིར་མངན་བརྙས་སུ་བསྒྲུབས་ཏེ། གདོད་མའི་ཤེས༷་རིག༷་ཡོད་ཚད་རྩོམ་རིག་གི་ལམ་ནས་བསྒྲགས་སྤེལ་འཚོ་སྐྱོང་བྱ་རྒྱུ་དང་གསུམ་བཅས། མདོར་ན་ལོ་རྒྱུས་ཀྱི་ཁ་ཕྱོགས་དེ་ནམ་ཡང་ཡ་ཐོག་ཞང་བོད་ཀྱི་ཐད་ངོས་སུ་བསྒྲེང་དགོས་པ་ནི་འདིར་བབས་འགན་གྱི་སྙིང་པོར་གཏོགས།
འགན་འཁུར་དེས་བསྐྲུན་པའི་ལྟ་བ་གང་མང་བདོག་པ་ལས། འདིར་རྩོམ་སྒྲིག་དག་ཞུ་བྱེད་ཚུལ་ཡང་ཆོས་རིག་ལོ་རྒྱུས་ཅི་ཐད་ནས་ཚིག་དོན་གཉིས་ཀ་ཐུན་མིན་དུ་འབྲི་སྲོལ་མང་བ་སྟེ། ཡར་ཀླུང་གི་རྒྱལ་རབས་གཅིག་པུའི་བརྗོད་བྱ་ལའང་རྒྱལ་པོའི་གྲངས་འདྲེན་དང༌། མཚན་གནས་འབོད་ཚུལ། རྒྱལ་ལོའི་བརྩི་སྟངས་ཚུན་ཆད་བོན་རང་ལུགས་སུ་ཡོད་མོད། འོན་ཀྱང་ད་ལམ་འདིར་གཞན་གྱིས་དོ་སྣང་ལ་དམིགས་ཏེ་བོན་པོས་བྲིས་པའི་རྩོམ་ཡིག་ཁག་གི་དག་ཆ་ལའང་ཁྱད་པར་ཅུང་ཟད་ཡོང་དོན་རྒྱབ་ལྗོངས་རེ་གཉིས་དཔེ་རུ་སྟོན་པར་འདོད།
ལར་ཞང་ཞུང་གི་མིང་ཚིག་རྣམས་ནི་བསྡུར་མི་དགོས་པ་ཨ་རྐྱང་ལགས་ན་འདིར་གླེང་བར་མི་བྱ་ཞིང༌། སྒོས་སུ་བོད་སྐད་བརྡ་རྙིང་དཔེར་ན་“སྨྲང་”དང༌། “བཞེར།” “དབལ།” “བདར།” “ལོད།” “བསྙེམས།” “ནམ།” “ཆལ།” “བསེ།” “ལྡེམ།” “འཕེན།” “གྱིམ།” “ཧོས།” “རྒྱུང༌།” ལྟ་བུས་མཚོན་པའི་བརྡ་རྙིང་བརྒྱ་ཕྲག་མང་པོར་ཚིག་དོན་གཏིང་ནས་དམྱུགས་པའི་གོ་འགྲེལ་ཡང་དག་ཅིག་ཚིག་མཛོད་གྲགས་ཆེན་གང་དུའང་མི་སྣང་བས། འདི་དག་གི་ཐུན་མིན་གོ་འགྲེལ་གཞན་ཕྱོགས་ནས་རྨོངས་པ་དག་ཀྱང་འདིར་བསྲུང་དགོས་པའི་འགན་ཡང་བདོག
ཡང་སྒོས་སུ་བོན་བན་ཐུན་མོང་དུ་སྤྱོད་པའི་བརྡ་ཚིག་གང་ཞིག་ལ་དག་ཆ་དང་ཚིག་འགྲེལ་རྣམས་ཐུན་མོང་མ་ཡིན་པར་བཀོལ་ལུགས་ཡོད་པ་དཔེར་ན། བོན་རྣམས་ལ“བཀའ་བརྟེན”དུ་གྲགས་པ་དེ་བཀའ་ལ་བརྟེན༷་པའི་བོན་འགྱུ༷ར་རོ་ཅོག་ལ་“བརྟེན་འགྱུར་”དང༌། རྒྱ་གར་གྱི་བསྟ༷ན་བཅོས་བོད་དུ་འགྱུ༷ར་ཚད་བསྒྲིགས་པ་ལ་“བསྟན་འགྱུར་”ཟེར་བས་ཐོགས་ཚུལ་གྱིས་མི་འདྲ་ཞིང༌། བོན་གཞུང་ལྟར་ན་“ལུང་རིག་”ནི། རྒྱལ་བའི་བཀའ་ལུ༷ང་ཚད་མ་དང༌། རང་གི་བློ་རིག༷་ཚད་མ་སྟེ། གཉིས་ཀ་རྒྱུ་མཚན་ནམ“རིགས་པ”ཡིན་པས་དབྱེ་བ་ལྟ་བུ་ཤིན་ཏུ་མང༌།
གཞན་ཡང་མི་མིང་འདོགས་ཚུལ་ལ་ཐུན་མིན་བོན་ལུགས་རྣམས་ནི་མི་འདྲ་བ་གང་ཞིག་ལ། སྒྲ་གདངས་ཉེ་རུང་འབྲི་སྲོལ་དང་ཐོགས་ཚུལ་གྱི་རྒྱབ་ལྗོངས་སོ་སོར་གནས་པའང་མང་བས། ཐུགས་སྣང་འབྱུང་སླད་སླ་ས་ནས་གླེང་ན། འདིར“སྒྲོན་མ”ནི“སྒྲོལ་མ”ཡི་སྡུད་ཚིག་མིན་པར་རང་སྟེང་ནས་གོ་འགྲེལ་བཙལ་བས་ཤེས། “ལྷ་མཚོ”དང“ཀླུ་མོ་མཚོ”ནི་གནའ་དུས་“མོ་”རྣམས་“མཚོ་”རུ་མཚོན་པ་ཁྱབ་ཆེ་བས་ཐོགས་པ་ལས་“འཚོ་”ཡི་འབྲི་སྲོལ་གསར་པར་རྨོངས་པའང་དེ་བས་མིན། “དོན་འགྲུབ་”དང་“བསམ་འགྲུབ་”ཀྱང་ཤཱཀ་ཐུབ་གོ་མྱོང་མེད་པའི་སྔ་རོལ་ནས་སྨོན་ཚིག་ཏུ་འདོགས་སྲོལ་ཡོད་ལ། “སྐར་མ་”ཞེས་ཉི་ཟླ་སྐར་གསུམ་ལ་སྦྱར་ཏེ་གདོད་མའི་འབྲི་སྲོལ་ཞིག་“ཀརྨ་པ་”མ་འཁྲུངས་གོང་ནས་ཡོད་པས་ཕན་ཚུན་དབྱེ་དགོས་པའི་གལ་གནད་ཆེ།
དེ་བཞིན་ཡུལ་མིང་ཡང་བྱམེ་སྟོན་བྱཞེས་པའི་འབྲི་སྲོལ་ལྟར་གྱི་“མེ་ཉག་”དང༌། སྐུ་ཤུག་གི་ལོ་ཚད་ལས་འཕྲོས་ཏེ་ཀོང་པོ་“ཉི་ཁྲི།” མགུར་ལྷ་འོ་ལྷ་རྒྱལ་བཟང་ལྟར་གྱི་“འོ་ཡུག” རྒྱ་བོན་ཟིང་པའི་གཏེར་ཆུ་དང་འབྲེལ་བའི་“ཟིང་ཆུ་”ཞེས་འབྲི་ཚུལ་སོ་སོའི་རྒྱབ་རྟེན་སྲ་ཚུགས་སུ་གསལ་ལ། གཞན་ཡང་གངས་“ཏི་ཙེ་”དང༌། མཚོ་“མ་པང༌།” རྨ་གཉེན་“སྤོམ་རྭང༌།” ལྷ་རི་“གྱང་དོ་”ལྟ་བུའི་འབྲི་སྲོལ་བོན་ཁམས་ཀུན་ལ་གྲགས་པ་རྣམས་ལའང་བརྟན་ཞིང་བརླིངས་པའི་ཁུངས་ལུང་མཆིས། འོན་ཀྱང་འདིར་“དྲི་བདའ་སྤོས་རི་”དང་“པྲེ་ཏ་པུ་རི།” “ལ་ངག་གསེར་མཚོ་”དང་“ལངྐཱ་ཏ་ལ་”ལྟ་བུའི་དབར་གྱི་རྒྱུ་མཚན་རྣམས་རེ་ཞིག་མི་རྩོད་བཏང་སྙོམས་སུ་གློད།
ད་དུང་གླེང་ལོང་མ་བྱུང་བའི་རྒྱུ་མཚན་གཞན་ཡང་བགྲང་གིས་མི་ལོང་པར་ཡོད་རུང༌། འདིར་དཔེ་མཚོན་ཙམ་ཞིག་བོན་གཞུང་ལ་མ་འདྲིས་པ་རྣམས་ཀྱིས་འདི་གའི་རྩོམ་སྒྲིག་བྱེད་སྟངས་ཀྱི་ལྟ་བ་ལ་མི་རྨོངས་པའི་ཆེད་དུ་བསྟར་བ་སྟེ། དེ་ལྟར་མ་གླེང་ཚེ། གཞན་སྡེ་ཕྱོགས་རེ་བ་རྣམས་ཀྱིས་ངེད་རྣམས་འཆུག་པར་སྙམ་པ་ལྟ་ཅི་སྨོས། བོན་པོ་བློ་གསར་རྣམས་ཀྱང་འདྲོག་པར་མཐོང༌། འོན་ཀྱང༌། སྐབས་འགར་ང་ཚོས་གསོད་ཉེས་སུ་ཐལ་བ་དང༌། ཚེ་ཐར་དུ་བཏང་བ། ལྷག་ལུས་སུ་ཤོར་བའི་མིང་ཚིག་སྐྱོན་ཅན་འགའ་རེ་ཡོད་སྲིད་པ་ལས། ཕལ་ཆེ་བ་ནི་བསམ་གཟས་ནས་བོར་བའམ་བཅོས་པ་ཞིག་ཡིན་སྟབས། ཆུང་ས་ནས་ངེད་རྩོམ་སྒྲིག་ཁང་དང་ཆེ་ས་ནས་བོན་པོ་ཡོངས་ཀྱིས་རྒྱུན་འཁྱོངས་དགོས་པའི་ལྟ་བ་ཞིག་ཏུ་སེམས། དེས་ན་ལོ་དེབ་ཀྱི་དམིགས་ཡུལ་ལྟར་བརྗོད་དོན་རྣམས་ཐུན་མོང་མ་ཡིན་པར་སྒྲོས་པ་ཇི་བཞིན་རྗོད་བྱེད་མིང་ཚིག་ཀྱང་དེར་གནས་པས། དེ་དག་བཅོས་ཐལ་དུ་མི་དགོངས་པར་གཏན་ལ་འབེབས་ཚུལ་གྱི་ལྟ་བ་ཞིག་ཏུ་སོམས་ཤིག ལྷག་པར་བོན་པོས་བྲིས་པའི་རྩོམ་ཡིག་རྣམས་ལྟ་བའི་ལྕགས་རི་འདིར་ཚུད་དགོས་ཕྱིར། རྒྱུ་མཚན་ངེས་ཅན་རེ་མཐོང་ན་མ་གཏོགས་ང་ཚོས་འདྲེ་ལག་རྐྱོང་རྐྱང་ཡིན། བོན་རྒྱལ་ལོ། ། གྱེར་ཝེར་རོ། །

གཙོ་སྒྲིག་པ་ཆོས་འཁོར་ཚང་ཉི་མ་འོད་ཟེར་པས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།