ཟངས་སྐུ་ཆེན་མོའི་རབ་གནས་མཛད་སྒོ།

ཟངས་སྐུ་ཆེན་མོའི་རབ་གནས་མཛད་སྒོའི་འོད་སྡེར་སྟེང་གི་འགྲེལ་བཤད།

རྩོམ་པ་པོ། འབྲུག་མོ་སྐྱིད། འགྲེལ་བཤད་པ། བཀྲ་ཤིས་དབང་ཕྱུག
2

    ༄༅།།ཇི་སྐད་དུ་མཛད་མདོ་ལས། སྔོན་ཚེ་སྤྲུལ་སྐུ་བསོད་ནམས་དབང་དྲུང་དུ། །ཐུགས་མཆོག་ བསྐྱེད་ནས་སྨོན་ལམ་ཆེན་མོ་བཏབས། །བསྐལ་བ་གྲངས་མེད་གསུམ་དུ་ཚོགས་གཉིས་བསགས། །ཐམས་ཅད་མཁྱེན་གྱུར་སྟོན་པ་བླ་ན་མེད། །སྤངས་རྟོགས་མཐར་ཕྱིན་མངོན་པར་སངས་རྒྱས་ཀྱང༌། །འགྲོ་ལ་རྣམ་བརྩེ་གཟིགས་ཚད་ལྔ་དགོངས་ནས། །སེམས་ཅན་འདྲེན་ཕྱིར་དམུ་རྒྱལ་ཐོད་དཀར་སྲས། །སྐྱེས་པ་བཞེས་པར་མཛད་ལ་ཕྱག་འཚལ་ལོ།། ཞེས་གསུངས་པ་ལྟར། བདག་ཅག་གི་སྟོན་པ་རྣམ་འདྲེན་བརྒྱད་པ་རྒྱལ་བ་གཤེན་རབ་མི་བོ་ཆེ་ཀུན་ལས་རྣམ་པར་རྒྱལ་བའི་སྡེ་དེ་ཉིད་ཀྱིས་དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་བསྐལ་བ་གྲངས་མེད་གསུམ་དུ་ཚོགས་བསགས། མཐའ་མར་མངོན་པར་རྫོགས་པར་སངས་རྒྱས་ཏེ། སྐུ་གསུམ་གྱི་དགོངས་པ་གཡོ་མེད་ངང་ནས། འཇིག་རྟེན་བྱེ་བ་ཕྲག་བརྒྱ་ལ། སྤྲུལ་སྐུ་བྱེ་བ་ཕྲག་བརྒྱ། རིགས་དྲུག་ལ་འདུལ་བ་གཤེན་དྲུག གླིང་བཞི་འདྲེན་པའི་སྟོན་པ་རེ་རེ་བྱོན་ནས་བཀའ་ཡི་འཁོར་ལོ་རིམ་པ་གསུམ་དུ་བསྐོར། དེ་ཡང་བཀའ་དང་པོ་ཐེག་པ་རིམ་དགུ། བཀའ་བར་བ་སྒོ་བཞི་མཛོད་ལྔ། བཀའ་ཐ་མ་ཕྱི་ནང་གསང་གསུམ་སོགས་བསྐོར་ནས་རིགས་ཅན་གསུམ་གྱི་གདུལ་བྱ་གྲངས་ལས་འདས་པ་ཞིག་ཐར་བ་དང་ཐམས་ཅད་མཁྱེན་པའི་ལམ་ལ་བཀོད་ཅིང༌། ཁྱད་པར་དུ་ཀོང་ཙེ་འཕྲུལ་གྱི་རྒྱལ་བོས་དཀར་ནག་བཀྲ་གསལ་གྱི་གསས་ཁང་ཆེན་མོ་བཞེངས་སྐབས་བདུད་སྲིན་གྱིས་གནོད་འཚེ་དྲག་པོ་བཏང་བ་ན། སྟོན་པ་མཆོག་རྣམ་པར་རྒྱལ་བའི་སྐུར་བཞེངས་ནས་བདུད་སྲིན་ཟིལ་གྱིས་མནན་ནས་བླ་མེད་འགྲོ་དོན་མཛད་པ་རྣམས་མདོ་གཟེར་མིག་སོགས་ན་ཞིབ་རྒྱས་སུ་བཀོད་ཡོད་པ་ལྟར་རོ།།

   ད་ནི་སྐབས་སུ་བབ་པ་ལ་མདོ་སྨད་རེབ་གོང་གསེར་མོ་ལྗོངས་ཀྱི་ཡུལ་དབུས་སུ་བཀྲ་ཤིས་མཆོད་རྟེན་ལེགས་པར་བརྩིགས་པ་ལྟ་བུའི་ལྷ་རིའི་སྐེད་དུ། རྣམ་པར་རྒྱལ་བའི་ཕོ་བྲང་གནས་འདིར་འཕོས་འདྲའི་དགོན་ཆེན་འདི་ནི་བོན་བརྒྱ་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་ཞེས་གྲགས་པ་དེ་ཡིན་ལ། གནས་འདི་ནི་ལོ་ངོ་སྟོང་ཕྲག་གཅིག་དང་ཉིས་བརྒྱའི་སྔོན་དུ། བོན་གྱི་སྐྱེས་ཆེན་དམ་པ་སློབ་དཔོན་ དྲན་པ་ནམ་མཁའ་དང་རིག་འཛིན་གྲུབ་ཐོབ་རྣམ་གསུམ་གྱིས་བྱིན་གྱིས་བརླབས་ཤིང་ཐུགས་བསྐྱེད་སྨོན་ལམ་སྟོབས་ཀྱིས་གཡུང་དྲུང་བོན་གྱི་བསྟན་པའི་གཞི་འཛིན་དུ་མངོན་པར་གྲུབ་ཅིང༌། ལོ་རྒྱུས་ཀྱི་དུས་ཡུན་རིང་མོའི་ནང་དུ་གནས་འདི་ནས་སྐྱེ་འགྲོའི་རྩ་ལག་ཏུ་གྱུར་པའི་བསྟན་པའི་གཞི་ཚུགས་ཤིང༌། ཁྱད་པར་དུ་པཎ་ཆེན་སྣང་བ་མཐའ་ཡས་སྐུ་ཕྲེང་བཅུ་བ་ཆོས་ཀྱི་རྒྱལ་མཚན་མཆོག་གི་ཐུགས་བསྐྱེད་དང་གསུང་གིས་སྐུལ་བ་ལྟར་དངོས་སུ་དགོན་གནས་ཀྱི་གཞི་ཆགས་པ་ནས། ད་ལྟ་སྒྲུབ་པ་གྲྭ་ཚང་དང་མཚན་ཉིད་གྲྭ་ཚང་གཙོས་རབ་བྱུང་བ་བརྒྱ་ཕྲག་ལྷག་བཞུགས་ཤིང༌། སོ་སོས་བཤད་སྒྲུབ་གཉིས་ལ་སྦྱང་བ་མཐར་ཕྱིན་དུ་འབད་བཞིན་ཡོད། དེའི་རྒྱན་གྱི་ཏོག་ཏུ་འཕགས་པ་ནི་ཉི་ཟླ་ཟུང་དུ་གྲགས་པའི་སྐྱབས་རྗེ་བླ་མ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག་དང་སྐྱང་སྤྲུལ་ནམ་མཁའ་བསྟན་འཛིན་རིན་པོ་ཆེ་རྣམ་གཉིས་ལགས།

     དེ་ཡང་འགྲོ་བའི་མགོན་པོ་དཔལ་སྐྱང་སྤྲུལ་ནམ་མཁའ་བསྟན་འཛིན་རིན་པོ་ཆེ་ནི་ལྷ་དང་བླ་མས་ལུང་གིས་ཟིན་ཅིང༌། ཚེ་རབས་གོང་མའི་ཐུགས་བསྐྱེད་སྨོན་ལམ་གྱི་སྟོབས་ཀྱིས་སྤྱི་ལོ༡༩༦༠ལོའི་ཟླ༩བའི་ཚེས༡༨ཉིན་གྱི་ནམ་ལངས་ཉི་ཤར་དུས་སུ་བཀྲ་ཤིས་ལྟས་བཟང་དང་བཅས། མཚོ་ལྷོ་ཁུལ་ གསེར་ཆེན་རྫོང་གི་མངའ་ཁོངས་ཨེར་ཏི་གྲོང་སྡེ་རུ་སྐུ་བལྟམས། དགུང་ལོ་དྲུག་ནས་བཟུང་ཞང་བོ་དགེ་སློང་བསྟན་འཛིན་དབང་རྒྱལ་གྱི་མདུན་དུ་ཐོག་མར་ཡེ་གེ་སྦྱོར་བའི་ཀློག་བསླབས་ཏེ་ཚེགས་མེད་དུ་མཁྱེན། དགུང་ལོ་བཅུ་དྲུག་ཐོག་སྡོམ་ཁྲིམས་ཐམས་ཅད་མིག་གི་འབྲས་བཞིན་བསྲུངས་པའི་ཁྲིམས་གཙང་གཡུང་དྲུང་བློ་གསལ་གྱི་དྲུང་དུ་རབ་ཏུ་བྱུང༌། དེ་ནས་དགུང་ལོ་བཅུ་དགུའི་ཐོག་བོན་བརྒྱ་དགོན་པར་ཕེབས་ནས་སྐྱབས་མགོན་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག་བླ་མར་ བཀུར་བ་དང་ཆབས་ཅིག་སྣང་ཞིག་དགོན་པའི་སྐྱབས་རྗེ་རྒྱ་འོབས་རིན་པོ་ཆེ་དང༌། ངེས་པ་དོན་གྱི་དགེ་བའི་བཤེས་གཉེན་ནམ་མཁའ་ཚུལ་ཁྲིམས། མདའ་ཆེན་བསམ་འགྲུབ་དགོན་པའི་རྟོགས་ལྡན་བསྟན་འཛིན་ཉི་མ། རྟོགས་ལྡན་དགོན་པའི་ཡོངས་འཛིན་བཟོད་པ་རྒྱལ་མཚན་སོགས་སྔ་རྗེས་སུ་བསམ་སྦྱོར་ཚུལ་བཞིན་དུ་བསྟེན་ནས་ཐོས་བསམ་སྒོམ་གསུམ་གྱི་སྒོར་ཧུར་ཐག་གནང་ཞིང༌། ཁྱད་པར་དུ་དགུང་ལོ་ཉེར་ལྔ་ནས་སུམ་ཅུའི་བར་བརྩོན་པའི་གོ་ཆ་ལུས་ལ་བསྒོས་ནས་དཀའ་བ་ཚད་མེད་དང་དུ་བླངས་པས། མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་ལ་མངའ་བརྙེས། སྒྲུབ་པ་ཉམས་ལེན་གྱི་གཏིང་ཚུགས། ལྟ་བ་ཀློང་དུ་བརྡོལ་བའི་གྲགས་སྙན་ཕྱོགས་བཅུའི་བུ་མོའི་རྣ་རྒྱན་དུ་བཀོད། དེ་ནས་འཆད་རྩོད་རྩོམ་གསུམ་དང་བཅས་པའི་བྱ་བ་ལས་ཀྱི་འཁོར་ལོ་ལ་ཞུགས་ཏེ། ཕྱོགས་སོ་སོའི་ སློབ་བུ་བགྲང་གིས་མི་ཟིན་པ་བསྐྱངས་དང་སྐྱོང་བཞིན་ལགས་ཤིང༌། ཁྱད་པར་དུ་དུས་ད་ལྟར་སྤྱིར་འཛམ་གླིང་ཡུལ་གྲུ་ཀུན་ཏུ་ས་ཆུ་མེ་རླུང་གི་འབྱུང་བཞིའི་འཇིགས་པ་དང་བྲལ་ཞིང༌། ནད་ཡམས་འཁྲུག་རྩོད་ཀྱི་བསྐལ་ངན་ཡོངས་སུ་ཞི་ནས་འཚེ་མེད་ཞི་བདེའི་དཔལ་ལ་ལོངས་སུ་སྤྱོད་ཐུབ་པ་དང༌། སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འདི་ཉིད་ཡུན་རིང་དུ་གནས་པ། སྒོས་སུ་སྐྱབས་རྗེ་བླ་མ་བོན་བརྒྱ་རིན་པོ་ཆེ་གཙོ་བྱས་པའི་དགོན་སྡེ་བླ་གྲྭ་ཡོངས་དང༌། དད་ལྡན་ལྷ་སྡེ་ཀུན་གྱི་མི་མཐུན་པའི་འགལ་རྐྱེན་མ་ལུས་ཞི་ཞིང་ཚེ་བསོད་ལོངས་སྤྱོད་རྒྱས་པའི་རྟེན་འབྲེལ་དུ་དམིགས་ནས། གཤེན་རབ་རྣམ་པར་རྒྱལ་བའི་ཟངས་སྐུ་ཆེན་མོ་ཞིག་བཞེངས་རྒྱུའི་ཐུགས་བསྐྱེད་འཁྲུངས་མ་ཐག རྒྱ་བོད་ཀྱི་སློབ་བུ་རྣམས་ཀྱང་མ་བགྲོས་བཀའ་ཡི་ཐིག་ལེ་སྤྱི་བོའི་རྒྱན་དུ་བླངས་ནས། བླ་སློབ་ཐབས་གཅིག་ཏུ་ལས་སྒོའི་སྟ་གོན་ལ་ལེགས་པར་ཞུགས་ཏེ། ཉིས་སྟོང་བཅུ་གསུམ་ལོའི་ཟླ་གཉིས་པའི་ཚེས་བཅུ་གཅིག་ལ་མཆོད་པའི་སྤྲིན་ཚོགས་མཁའ་ལ་དཀྲིགས་ནས་སྐུའི་རྟེན་གཞི་བོན་བརྒྱ་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་གི་ཤར་ཕྱོགས་མངོན་པར་དགའ་བའི་ས་འཛིན་གྱི་སྤོར་གཏན་འབེབས་མཛད། ཟླ་དགུ་བའི་ཚེས་གཅིག་ལ་ཡི་དམ་ཕྱི་ནང་གསང་གསུམ་གྱི་གཟུངས་སྔགས་ལེགས་པར་བཀོད་པའི་སྲོག་ཤིང་ཁྲི་ཚད་སོ་གཉིས་ཅན་དེ་ཉིད། དཔལ་སྐྱང་སྟོན་རྒྱལ་བའི་དབང་པོ་ནམ་མཁའ་བསྟན་འཛིན་རིན་པོ་ཆེ་གཙོ་བྱས་པའི་རང་དགོན་གྱི་བླ་གྲྭ་ཡོངས་ཀྱིས་གདན་འདྲེན་ལེགས་པར་ཞུས་ཤིང༌། དེ་ལ་ཡང་ཁམས་ཆེན་ཉི་མ་བསྟན་འཛིན་དང་དཔོན་སློབ་བསྟན་འཛིན་རྣམ་དག་གཉིས་ཀྱི་ཐུགས་དགོངས་ལྟར་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔ་ཡི་གནས་ཡིག་དང་བཅས་པའི་གཟུངས་སྔགས་ཚར་བཅུ་གསུམ་དང༌། གཞན་ཡང་མདོ་སྨད་བྱང་ཕྱོགས་ཀྱི་པཎྜི་ཏ་ཆེན་པོ་སྦྲ་སར་ཀུན་བཟང་བསྟན་པའི་རྒྱལ་མཚན་དང་ཁོང་གི་ཐུགས་སྲས་བོན་བརྒྱ་གྲུབ་དབང་གཡུང་དྲུང་ཕུན་ཚོགས་རྣམ་གཉིས་ཀྱི་ཐུགས་དགོངས་ལྟར་གྱི་ཞི་རྒྱས་དབང་དྲག་གི་གཟུངས་སྔགས་འབྲིང་བ་ཚར་བཅུ་གསུམ། གཟུངས་སྔགས་བསྡུས་པ་ཚར་བཅུ་གསུམ་བཅས་ལེགས་པར་དཀྲིས་ཤིང༌། རྣམ་མཁྱེན་སྟོན་པ་གཤེན་རབ་མི་བོ་ཆེའི་སྐུ་གདུང་རིང་བསྲེལ་དང་རྗེ་དགོངས་མཛོད་རི་ཁྲོད་ཆེན་པོའི་རིང་བསྲེལ། བླ་མ་ཡང་སྟོན་ཤེས་རབ་རྒྱལ་མཚན་གྱི་རིང་བསྲེལ། རྗེ་མཉམ་མེད་ཆེན་པོའི་ཕྱག་ཕྲེང༌། སྨན་རིའི་མཁན་རབས་རིམ་བྱོན་གྱིས་བསྒྲུབས་པའི་དམ་རྫས་རིལ་བུ་བྱིན་ཅན། སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན་གྱིས་བསྒྲུབས་པའི་དམ་རྫས་རིལ་བུ་བྱིན་ཅན། གངས་ཏི་སེ་ནས་ཐོན་པའི་རིང་ བསྲེལ་བྱིན་ཅན། སྣང་ཞིག་དགོན་ཆེན་གྱི་རྒྱལ་ཚབ་རྒྱ་འོབས་བསྟན་འཛིན་དབང་རྒྱལ་རིན་པོ་ཆེས་གནང་བའི་དམ་རྫས་རིལ་བུ་བྱིན་ཅན། རྗེ་ཐམས་ཅད་མཁྱེན་པ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོས་གནང་བའི་དམ་རྫས་བྱིན་ཅན་སོགས་རྟེན་སྣ་ཉིས་བརྒྱ་ལྷག་སྲོག་ཤིང་གི་གནས་ལྔར་བཀོད་ཅིང༌། གཏེར་བུམ་གྱི་སྐོར་ལ་པད་འདབ་ནང་དུ་མཁན་ཆེན་ཉི་མའི་གཟུངས་སྤུངས་ལྟར་དུ་འབྲུ་ རིགས་རྒྱ་མ་ཉིས་ཁྲི་ལྷག་གིས་གྲུབ་པའི་གཏེར་ཁུག་དང་གཏེར་བུམ་སྟོང་ཕྲག་གཉིས་ལྷག་བཞུགས་པ་དང༌། གསུང་རབ་ཀྱི་སྐོར་ལ། རྒྱལ་བའི་བཀའ་རིན་པོ་ཆེ་ཚར་བརྒྱ་དང་ལྔ་བཅུ། མདོ་གཡུང་དྲུང་ཀློང་རྒྱས་ཚར་བརྒྱ་དང་བཅུ་གསུམ། གསེར་འོད་ནོར་བུ་འོད་འབར་ཚར་ཉིས་བརྒྱ་དང་བཅུ་དྲུག གཟུངས་ཀྱི་རྒྱལ་བོ་ཡི་གེ་བརྒྱ་བ་ཚར་དུང་ཕྱུར་གཅིག་དང་བྱེ་བ་བཞི། རྣམ་རྒྱལ་གཟུངས་ཆེནདང་མདོ་བསྐལ་བཟང་སོགས་ཁྱོན་བསྡོམས་པས་གླེགས་བམ་ཁྲི་གསུམ་དང་སྟོང་གཅིག་ལྷག་བཞུགས། ས་སྣ་ཆུ་སྣའི་སྐོར་ལ། གངས་ཏི་སེའི་ས་སྣ་ཆུ་སྣ། སྤོས་རི་ངད་ལྡན་གྱི་ས་སྣ་ཆུ་སྣ། རྒྱ་ནག་གླང་ཆེན་འགྱིང་རིའི་ས་སྣ་ཆུ་སྣ། གཡུང་དྲུང་སྲ་བརྟན་གྱི་ས་སྣ་ཆུ་སྣ། གཤེན་རི་བདེ་ལྡན་གྱི་ས་སྣ་ཆུ་སྣ། གངས་ཅན་ཕྱུག་མོའི་ས་སྣ་ཆུ་སྣ། ཞང་ཞུང་ཁྱུང་ལུང་དངུལ་མཁར་གྱི་ས་སྣ་ཆུ་སྣ། མཚོ་མ་པང་གི་མཚོ་ཆུ། བྱ་རུ་གཙུག་ལྡན་གྱི་ས་སྣ་ཆུ་སྣ། མུ་ལེ་མཚོ་ཡི་ས་སྣ་ཆུ་སྣ། གནམ་མཚོ་དོ་རིང་གི་ས་སྣ་ཆུ་སྣ། དང་ར་གཡུ་མཚོའི་ས་སྣ་ཆུ་སྣ། གཙང་གཡས་རུ་མཁར་སྣའི་ས་སྣ་ཆུ་སྣ། གཡས་རུ་དབེན་སའི་ས་སྣ་ཆུ་སྣ། གཙང་སྨན་རི་དགོན་པའི་ས་སྣ་ཆུ་སྣ། ར་ལག་གཡུང་དྲུང་གླིང་གི་ས་སྣ་ཆུ་སྣ། རྐོང་བོ་བོན་ རིའི་སྟོན་པའི་སྐུ་ཤུག སྟག་ལྷའི་སྐུ་ཤུག བོན་རིའི་ས་སྣ་ཆུ་སྣ། གདན་ས་ཆེན་པོའི་གཤེན་ཚང་གི་ས་སྣ་ཆུ་སྣ། སྟག་ལྷའི་དབལ་ཆུ་དྲག་པོའི་ཆུ་སྣ། ལྷ་སའི་བྲག་དཀར་ཤེལ་དགོན་གྱི་ས་སྣ་ཆུ་སྣ། མདའ་ཆེན་དཀར་མོ་རི་ཁྲོད་ཀྱི་ས་སྣ་ཆུ་སྣ། འདོད་དགུ་རིན་ཆེན་གྱི་ས་སྣ་ཆུ་སྣ། ཤར་རྫའི་རི་ཁྲོད་ཀྱི་ས་སྣ་ཆུ་སྣ། རྨ་ཆེན་གངས་རིའི་ས་སྣ་ཆུ་སྣ། ཤར་དུང་རིའི་ས་སྣ་ཆུ་སྣ། ཐེ་བོ་དམུ་རིའི་ས་སྣ་ཆུ་སྣ། བྲག་བྱ་རྒོད་ཀྱི་ས་སྣ་ཆུ་སྣ། བྲག་བྱ་དུར་གྱི་ས་སྣ་ཆུ་སྣ། བྲག་གཡུང་དྲུང་ཁའི་ས་སྣ་ཆུ་སྣ། མཁའ་འགྲོའི་འུག་གདོང་གི་ས་སྣ་ཆུ་སྣ། རྒྱ་ནག་རི་བོ་རྩེ་དགུའི་ས་སྣཆུ་སྣ། ལྷོ་མཚོའི་རི་བོ་པོ་ཏ་ལའི་ས་སྣ་ཆུ་སྣ། ཧང་ཀྲིག་ལེ་ཧྥིན་མཆོད་རྟེན་གྱི་ས་སྣ་ཆུ་སྣ། གཟི་ཚ་སྡེ་དགུའི་ས་སྣ་ཆུ་སྣ། མཚོ་སྔོན་པོའི་ས་སྣ་ཆུ་སྣ་སོགས་བཞུགས་ཡོད།

   ཡང་བླ་མ་སྐྱང་སྤྲུལ་རིན་པོ་ཆེ་གཙོ་བྱས་བོན་བརྒྱ་དགོན་པའི་དགེ་སློང་རྣམས་ཀྱིས་ཧོར་ཟླ་བརྒྱད་པའི་ཚེས་གསུམ་ནས་བཟུང་ཉིན་ལྔའི་རིང་ལ་གཏེར་སྒྲུབ་ཀྱི་ལས་སྒོ་རྒྱ་ཆེར་མཛད། ཧོར་ཟླ༩པའི་ཚེས་ཉི་ཤུའི་བཀྲ་ཤིས་ལྷུན་གྲུབ་ཀྱི་ཉིན་མོ་ལ་རྣམ་པར་རྒྱལ་བའི་ཟངས་སྐུ་ཆེན་མོ་ལ་རབ་གནས་ཀྱི་མཛད་སྒོ་རྒྱ་ཆེར་མཛད་པ་ནི། མཁས་ཤིང་གྲུབ་པའི་དབང་ཕྱུག་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་རིན་པོ་ཆེ་གཙོ་མཛད་པའི་བོན་བརྒྱ་དགོན་པའི་དགེ་འདུན་བརྒྱ་ཕྲག་ལྷག་དང་རྒྱ་ནག་ནས་ ཕེབས་པའི་རྒྱ་ཡི་བཙུན་པ་བདུན་ཕྲག་གཅིག་དང་དགེ་བསྙེན་བཞི་བཅུ། རེབ་གོང་བོན་མང་རིག་འཛིན་ཕུར་ཐོགས་བརྒྱ་དང་ལྔ་བཅུ་ལྷག་ཕེབས་ནས། རྒྱ་བོད་གཉིས་ཀྱི་ལུགས་ལྟར་རབ་གནས་ཕུན་སུམ་ཚོགས་པར་མཛད། མ་ཟད་ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་དཔལ་ལྡན་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོ་མཆོག་གིས་ཀྱང༌། འཕགས་ཡུལ་ཧི་མ་ཅལ་གྱི་ཞིང་ཁམས་ནས་ཆེད་དུ་ཟངས་སྐུ་ཆེན་མོ་ལེགས་གྲུབ་བྱུང་བར་བཀྲ་ཤིས་རབ་གནས་མཛད་དེ་བྱིན་རླབས་ཀྱི་དངོས་གྲུབ་བསྩལ་གནང་མཛད།

   གཞན་ཡང་ཉིན་དེར་མཚོ་སྔོན་དང་ཀན་སུའུ། སི་ཁྲོན། ལེའོ་ཉིན། ཅིས་ལེན། ཀོས་ཀྲིག ཧྲན་ཞིས་བཅས་ཞིང་ཆེན་བདུན་དང༌། པེ་ཅིན་སོགས་གྲོང་ཁྱེར་ཁག་ནས་ཕེབས་པའི་དད་ལྡན་མི་སྣ་བརྒྱ་ཕྲག་དུ་མ་འདུས་ཤིང༌། དེ་དག་གིས་ཀྱང་རྣམ་པར་རྒྱལ་བའི་ཟངས་སྐུ་ཆེན་མོ་ལྷམ་མེ་ལྷང་ངེར་བཞུགས་པར་དད་པའི་སྤུ་ལོང་གཡོ་བཞིན་སྨོན་པའི་གསོལ་བ་ལྷང་ལྷང་དུ་བཏབས་ནས་བཀྲ་ཤིས་རྟེན་འབྲེལ་གྱི་ཡོ་ལང་རྒྱ་ཆེར་སྤེལ།

དེ་ནས་སྐྱང་སྤྲུལ་རིན་པོ་ཆེ་ཉིད་ཀྱིས་ཉིན་དེར་རབ་གནས་ཀྱི་བཀའ་དྲིན་བསྐྱངས་པའི་སྐྱབས་མགོན་བོན་བརྒྱ་རིན་པོ་ཆེ་གཙོ་བྱས་རྒྱ་བོད་དགེ་འདུན་གྱི་ཚོགས་དང་རིག་འཛིན་སྔགས་འཆང་གི་སྡེ་རྣམས་ལ་གྱ་ནོམ་པའི་མང་ཇ་འབུལ་བ་དང་བཅས་བཀྲ་ཤིས་རབ་གནས་ཀྱི་མཛད་སྒོ་ལེགས་པར་མཇུག་གྲུབ་བོ།།

   སྨྲས་པ། གཟི་བྱིན་བཀྲག་མདངས་འབར་བའི་རྣམ་རྒྱལ་སྐུ།།མཁའ་ལ་ཉིན་བྱེད་འཕགས་བཞིན་མཚན་དཔེ་འོད།།མི་མཐུན་ཚོགས་འཇོམས་བཀྲ་ཤིས་དཔལ་རྫོགས་ཤིང༌།།བདེ་སྐྱིད་ཞིང་མཆོག་ལམ་སྟོན་སྒྲོན་མེ་རྨད།།དུས་མཐའི་འགྲོ་རྣམས་མགོན་མེད་དྭ་ཕྲུག་ལས།།མི་བཟོད་ཁྱེད་ལ་ཤུགས་དྲག་དད་སྟོབས་ཀྱིས།།ཐོད་པའི་མེ་ལོང་ས་རྡུང་གསོལ་བཏབ་ན།།བྱམས་བརྩེ་འོད་རླབས་དཀར་པོས་སྲུངས་ཤིག་ཀྱེ།།

ཟངས་སྐུ་ཆེན་མོའི་རབ་གནས་མཛད་སྒོ།” སྟེང་དུ་དཔྱད་མཆན 1 ཡོད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།