སྣང་ཞིག་བྱ་འཕུར་དགོན་འགབ་མ་ཚང་ལ་ཕུལ་བ།

སྣང་ཞིག་བྱ་འཕུར་དགོན་འགབ་མ་ཚང་ལ་ཕུལ་བ།
བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ།

༄༅།།  དུས་གསུམ་རྣམ་འདྲེན་ཐུགས་རྗེ་སྒྱུ་མའི་འཕྲུལ། ། ས་གསུམ་འདྲེན་སྟོན་དགེ་བའི་བཤེས་གཉེན་གྱི། ། གསང་གསུམ་ཟབ་མོའི་ གཟུགས་སུ་བསྒྱུར་བའི་གར། ། སྒོ་གསུམ་ཕྱག་གི་ཡུལ་དེའི་ཞབས་པད་མོར། ། སྐྱེ་སྤྲུལ་མིང་ ཞེས་སྒྲོ་བཏགས་ཀྱང་། ། སྐྱེ་དང་འཆི་བའི་རང་དབང་ཅི། ། སྐྱེ་བ་སྔ་ཕྱི་མ་དམིགས་པར། ། སྐྱེ་ཤིའི་བར་ན་གནས་དེས་ཞུ། ། ས་འདིར་དགེ་མཚན་ཁ་བའི་མེ་ཏོག་གིས། ། ཀུན་ནས་དགེ་བའི་ལྗོངས་སུ་རྒྱལ་བའི་བསྟན། ། རབ་དཀར་རྩལ་ལ་རྫོགས་པའི་གདོང་ལྔ་བ། ། ཞྭ་དཀར་གངས་རིའི་བདག་པོ་ཁྱེད་ལས་སུ། ། འདི་ན་འདོད་དོན་སྦྲང་རྩི་ལ་སྲེད་ཀྱང་། ། བསྟན་དོན་ནམ་འཕང་གཅོད་པའི་ནུས་པ་ཕྲ། ། རང་གནས་མདུང་ཁྱིམ་ཞེན་པའི་སྦྲ་མ་རས། ། དུས་ཀྱི་ཞགས་པས་མ་བཟུང་ཙམ་དུ་གནས།། འཚམས་ཞུ། རིགས་ཀྱི་ཅོད་པན་སྤྱི་བོར་ལྷན་ཅིག་ཏུ། ། བསྟེན་ཀྱང་ཡུལ་དུས་རྐྱེན་གྱིས་ལྷན་ཅིག་ལ། ། མཇལ་བའི་བསྐལ་བ་དམན་ལ་བརྩེ་གཟིགས་ཀྱི། ། ཀྱོ་བ་རྣོན་པོས་མ་གཏོང་བརྩེ་གཟིགས་མཛོད། ། གང་གསུངས་བླ་མའི་ཡང་སྲིད་དེ། ། གང་དུ་ཞེས་པའི་དོན་ཆེན་པོ། ། གང་ཟག་མཆོག་དམན་སུ་ཡིན་ཀྱང་། ། གང་ལྟར་སྒྲུབ་ན་མི་བསླུ་མཁྱེན། ། ཐུགས་བསྐྱེད་ནམ་མཁའ་དག་པའི་དབྱིངས། ། རྒྱལ་བསྟན་ཉི་མའི་འོད་སྣང་ཅན། ། འཛིན་ལ་རེ་བའི་མེ་ཏོག་རྩེར། ། དོན་འབྲས་སྦྲང་རྩི་སྨིན་ནམ་སྙམ། ། དམ་པའི་རང་གཤིས་ལྷུན་པོ་ལྟར། ། གྱུར་ན་རྒྱ་མཚོར་སྣང་བའི་གཟུགས། ། བྱེད་ཐབསརླབས་ཀྱིས་བསྐུལ་ན་ཡང་། ། དངོས་པའི་གཤིས་ལ་ཅི་ཞིག་སྐྱོན། ། དམ་པ་སྐྱང་གི་གདན་སའི་བདག། རང་ཉིད་རྐྱང་བས་གཞལ་ནུས་ཅི། ། འོན་ཀྱང་སྐྱང་སྟོན་སྨྲ་བའི་དབང་། ། ཕལ་བ་རྐྱང་ལ་རྟེན་མིན་སྙམ། ། ཕྱོགས་ཀྱི་བུ་མོའི་མགྲིན་པ་ན། ། ཕྱོགས་སུ་གླེང་བའི་སྙན་པ་ཞིག། ཕྱོགས་དང་རིས་སུ་མ་ཆད་པར། ། ཕྱོགས་བཅུའི་རྒྱལ་བའི་མཛད་རེ་ཆེ། ། ས་བཅུའི་བདག་ཉིད་འདྲེན་པ་དེ། ། ས་འདིར་འབྱོན་མིན་སུ་ཡིས་གཞལ། ། ས་ཆེན་གསུམ་ན་སངས་རྒྱས་ཀྱི། ། ས་ལ་འདྲེན་མཛད་བསམ་མི་ཁྱབ། ། འོན་ཀྱང་གདན་ས་འཛིན་པའི་བདག། གནས་སྣང་དག་པའི་སྐྱེས་བུ་མཆོག། མྱུར་དུ་མཇལ་བར་སྨོན་འདུན་གྱི། ། གཙོ་བོར་སེམས་ལས་གཞན་དུ་ཅི། ། དེ་ལ་གང་གི་མཁྱེན་དཔྱོད་དང་། ། རྒྱ་འོབ་སྤྲུལ་བའི་སྐུ་མཆོག་གི། ། ཐུགས་དགོངས་ཟབ་མོའི་ཉི་སྣང་གིས། ། དོགས་པའི་སྨག་རིམ་གཞིལ་བར་མཁྱེན། ། འུ་ཅག་ཐུགས་ནང་ཞིང་ས་གཤིན་པོ་ལ། ། རིས་མེད་ཐུགས་མཐུན་གྲོས་ཀྱི་ས་བོན་ཞིག། བཏབས་ན་ཐུགས་འདུན་ཟབ་མོའི་འབྲས་བུ་བཟང་། ། ལེགས་པར་ཐུགས་ཀྱི་དགོངས་འགྲུབ་ངེས་སྙམ། ། བདག་ཀྱང་ལུས་ཀྱི་འབྱུང་བའི་ཁམས། ། འཁྲུགས་པའི་ལུས་སེམས་མ་གཙེས་ན། ། རྣམ་ཤེས་ལུས་ཀྱི་ཕྱོགས་འདི་དང་། ། མ་བྲལ་ལུས་རྟེན་ཕྱོགས་དེར་འདོང་། ། ནམ་ཡང་མཁྱེན་པ་མི་འགྱུར་ནམ་མཁའི་དབྱིངས། ། གཡོ་བ་མེད་ཀྱང་བརྩེ་ཆེན་གཡོ་བ་སྤྲིན། ། དད་གདུངས་རླུང་གིས་བསྐུལ་ན་དད་མོས་བཞིན། ། བཀའ་མཆིད་བདུད་རྩིའི་ཆར་བ་བཀའ་གནང་འཚལ། ། ཞུ་དེབ་ངང་བའི་བུ་མོ་ནི། ། ལྷ་རྫས་དར་གྱི་འདབ་མ་ཅན། ། སྐྱེས་མཆོག་རྒྱ་མཚོའི་གླིང་དུ་འཆས། ། ཟླ་བའི་ཚེས་ལ་བསྐྱོད་དེ་བཏེགས། ། བོན་བརྒྱ་མིང་ཅན་ནས་གུས་པས་ཕུལ། །

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།