སློབ་གྲྭའི་དགེ་རྒན་ཞིག་ལ་སྤྲིངས་པའི་ཡི་གེ།

སློབ་གྲྭའི་དགེ་རྒན་ཞིག་ལ་སྤྲིངས་པའི་ཡི་གེ།
བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ།

༄༅།། སྤྲིན་བྲལ་ལྷག་བསམ་མཁའ་དབྱངས་ལས། ། དྲི་མེད་རིག་པའི་ཚ་ཟེར་གྱིས། ། ཤེས་བྱ་པུཎྜ་རི་ཀའི་ཚལ། ། འབྱེད་ལ་དཔའ་བ་ཁྱོད་དྲུང་དུ། ། བརྩེ་དུང་ཡིད་ཀྱི་ལྟེང་ཀ་ལ། ། འཕྲིན་ཡིག་གསེར་ཉ་འཁྱུག་ཙམ་གྱིས། ། དགའ་བའི་ཝུ་འཕྲེང་རྒོད་དང་ལྷན། ། ཞུ་མཆིད་ཟེགས་མ་རྩེན་ལ་བྲེལ། ། ཁྱོད་ངག་བསིལ་བའི་བདུད་རྩི་ཅན། ། སྤྲིན་གྱི་མེ་ཏོག་འདིར་འཕོས་པས། ། སྙིམ་པའི་མཐིལ་ལ་རིན་ཆེན་ནོར། ། ཐོབ་པ་ལས་ཀྱང་དེ་ཡིས་སྤྲོ། ། ཁྱོད་རྣམ་ཕན་ཚུན་མཛའ་བརྩེའི་ངང་། ། རིག་པའི་གནས་དང་གཞུང་ལུགས་ལ། ། དོན་གཉེར་ཆེན་པོས་སློབ་གཉེར་གྱི། ། གནས་ཚུལ་སྔར་ལས་ལྷག་ཅེས་ཐོས། ། འདི་ན་སྒོ་གསུམ་སྲིན་བལ་མེ་ཏོག་ནི། ། རྣམ་གཡེང་དྲི་ཡི་བཞོན་པ་དང་འགྲོགས་ཏེ། ། སྟོང་བའི་དབྱངས་ལ་འཕུར་ལྡིང་གར་གྱིས་བྲེལ། ། ཉི་མའི་བུ་ཡིས་དབྱུག་ཏོས་མ་བརྡུང་ཙམ། ། འཚམས་ཞུ། ལྔ་རིགདཔལ་གྱིས་གཟི་འོད་མ་བཟོད་ནས། ། སྣང་བས་དྲེགས་པའི་ཉི་མ་གཞོན་ནུ་ཡང་། ། ཆུ་འཛིན་གོས་བཟང་དཀར་པོས་དབུ་བཏུམས་ནས། ། དྲི་ཆུའི་སྦྲང་ཆར་མེ་ཏོག་ས་ལ་འཐོར། ། ཐམས་ཅད་མི་འཁྱེན་སངས་རྒྱས་གསེར་མདོག་ཅན། ། སྙིང་རྗེ་མི་ལྡན་སེམས་དཔའ་རྒྱ་མཚོའི་འཁོར། ། ཆགས་ལྡན་སྡང་བའི་ང་བདག་ཆོས་འཁོར་གསུམ། ། ཆུ་ཡིས་བསྐོར་བའི་གོར་མོའི་བརྟུལ་ཞུགས་བཟུང་། ། ཀ་བ་མེད་པར་མཐོ་བའི་སྔོ་བསང་མ། ། འཛམ་གླིང་ཆུ་གཏེར་རུམ་ལ་ལྷུང་དོགས་ནས། ། ཁ་བའི་རྡུལ་བརྩེགས་དུ་མས་ཁོར་ཡུག་ཏུ། ། འདེགས་པའི་ཆོ་ག་ལྷ་རྔས་དབྱངས་སུ་ལེན། ། གྲགས་པའི་ཟླ་བ་དཀར་པོའི་བ་དན་དེ། ། འཇིག་རྟེན་དབྱིངས་སུ་མཐོ་བའི་ཟུར་ཕུད་དུ། ། མཁས་རྒུས་སྤྱི་བོར་བཅིངས་པའི་ཐབས་ཚུལ་འདིས། ། གཞན་གྱི་སྟོང་འུར་རྒྱ་མཚོའི་གཏིང་ལ་ཉལ། ། སྙན་ཚིག་ཟླ་བ་གཞོན་ནུའི་ཟུར་མིག་གིས། ། འཁྱུད་པའི་བཞིན་བཟང་ཀུན་ད་དགའ་མའི་ལུས། ། ལང་ཚོས་སྒེག་པའི་ཡིད་འཕྲོག་བདུད་རྩི་ཅན། ། བློ་ལྡན་རྩེད་འཇོལ་རོལ་བའི་གྲོགས་སུ་སྦྱིན། ། སྒྲ་རིག་རྒྱ་མཚོའི་ཁང་བཟང་དུ། ། བགྲོད་པའི་རྣམ་དཔྱོད་སྙིང་སྟོབས་ཅན། ། དོན་གྱི་ནོར་བུའི་བང་མཛོད་ཀྱིས། ། རེ་བའི་ཤིང་རྟ་ལྕི་བར་མཛོད། ། སླད་མའི་ཆར་ཡང་སྔར་བཞིན་དུ། ། དབྱངས་ཀྱི་རྒྱལ་མོའི་རྒྱུད་མངས་ལས། ། དྲངས་པའི་སྙན་ཚིག་བདུད་རྩི་ཅན། ། ཡིད་ཀྱི་གསོས་སུ་ཡང་ཡང་སྩོལ། ། དེ་ལྟའི་སྤྲིངས་ཡིག་ངང་བའི་བུ། ། རླངས་འཁོར་གཤོག་པ་ལ་བརྟེན་ནས། ། རིག་སློབ་རྒྱ་མཚོའི་སྙན་པ་ལ། ། འགྲམ་ཆུ་ལྡིང་བའི་ཟོལ་གྱིས་འཕུར།། །།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།