དགེ་ལྡན་པའི་གྲོགས་པོ་ཞིག་ལ།

དགེ་ལྡན་པའི་གྲོགས་པོ་ཞིག་ལ།
བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ།

༄༅།། བློ་བཟང་རྒྱལ་བ་གཉིས་པ་ཞེས། ། གྲགས་པ་དཀར་པོའི་བ་དན་ནི། ། བསྐལ་བ་མེད་པར་སྲིད་རྩེ་རུ། ། བསྒྲེངས་པས་ནམ་ཡང་ཁྱོད་ལ་སྲུངས། ། བློ་གྲོས་ཉི་མའི་འོད་ཞགས་ཀྱིས། ། སྐལ་བཟང་པད་དཀར་ཚལ་ཡངས་སུ། ། ལུང་རིགས་སྦྲང་རྩི་དར་བའི་དཔྱིད། ། རྩེད་འཇོའི་དགའ་སྟོན་རྒྱས་པ་དེར། ། དགེ་བའི་སེམས་པ་ཟླ་ཚེས་གསར། ། མཛེས་སྡུག་ལང་ཚོ་དར་བ་བཞིན། ། བྱི་དོར་མཁས་ན་དེ་བས་རྒྱས། ། འདི་ན་རྒྱལ་བསྟན་གངས་ཀྱི་རི་ཡང་དོར། ། དད་ཟས་ཟ་བར་གཡོ་སྒྱུའི་མཆེ་སྡེར་རྣོ།། ཉམས་རྟོགས་གཡུ་རལ་བྱི་བའི་འདམ་སེང་ང་། ། ཆོས་བརྒྱད་ལྕགས་ཀྱི་དྲྭ་བར་ཚུད་འདིས་སྐྱོ། ། ཆེད་དོན་སྙིང་གི་གཏམ་འཕྲོས་པ། ། རྒན་པོའི་སྙིང་ལ་འཕོས་མ་ཐག། ཅི་འདི་སྙིང་རྗེ་ཕྲ་ན་ཡང་། ། བཟོད་སྒོམ་སྙིང་ལ་དམ་བཅའ་ཡོད། ། རྒྱལ་བསྟན་ཉི་མའི་འོད་སྣང་འདི། ། སྤྱི་མཐུན་སྤྲིན་གྱིས་མ་བསྒྲིབས་ན། ། བྱིས་པའི་སྙིམ་པས་་འདོད་པ། ། བླུན་པོ་སྟོང་གི་གྲལ་དབུས་མཛེས། ། དེ་ཕྱིར་སྒྲ་ལ་འོན་པ་དང་། ། ལྐུགས་པའི་བརྟུལ་ཞུགས་འདི་ལེགས་སྙམ། ། དེ་མིན་བྱིས་པའི་ངང་ཚུལ་གྱིས། ། རྩོམ་པ་དེ་འདྲ་ཅིས་མི་སླ། ། བསྟན་ལ་དམའ་འབེབས་བྱེད་པའི་ཉེས་པ་དེས། ། བསྟན་ལ་ཞུགས་ཁུལ་བྱས་ཀྱང་ཆོས་སྤོང་གིས། ། བསྟན་ལས་ཕྱིར་ཕྱོགས་ངན་འགྲོའི་རྒྱུ་ཁོ་ནར། ། བསྟན་པའི་བདག་པོས་གསུངས་པ་རྫུན་ནམ་ཅི། ། ཆགས་སྡང་སྨྲ་བ་མང་ན་སྡུག་བསྔལ་རྒྱུ། ། ཆགས་སྲེད་གཏམ་གྱིས་ཁོ་བོའི་རང་བཞིན་རྟོགས།། ཆགས་བྲལ་བྱས་པའི་འཕགས་པ་རྣམ་ཀྱང་ཁྲེལ། ། ཆགས་ལྡན་སྐྱེ་བོའི་ཁྲོད་ནའང་སྙན་གྲགས་ཉམས། ། སྐབས་སུ་ཁྱེད་ཐུགས་བསླབ་པ་དང་པོ་དེ། ། བསྲུང་བའི་སེམས་པ་རྒྱུན་ཆགས་བཙུན་པའི་དཔལ། ། ཉེས་བྱས་གངས་ཀྱི་གཡག་རྔ་ལྟར་གྱུར་བ། ། གནས་བརྟན་འཛིན་པའི་མཆོག་ཏུ་རྗེས་ཡི་རང་། ། སླད་མར་སྙན་ཚིག་རིག་ལམ་ལས། ། དྲངས་པའི་ཐུགས་ནང་གཤིན་པོའི་གཏམ། ། ཕན་ཚུན་དྲི་ཡི་བཞོན་པ་བཞིན། ། འགྲོ་འོང་རྒྱུན་མི་ཆད་པར་མཛོད། ། ཁོ་བོའི་མགྲིན་པ་འོ་མཚོ་ན། ། དབྱངས་ཅན་ངག་གི་དཔལ་མོ་བརྩེན། ། རྒྱུད་མངས་འཁྲོལ་བའི་སྒྲ་སྙན་ལས། ། སྙན་ཚིག་དུམ་བུ་འཕྲལ་དུ་ཐལ། །

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།