སྣང་ཞིག་ནང་ཆེན་སྤྲུལ་སྐུ་ལ་ཕུལ་བ།

སྣང་ཞིག་ནང་ཆེན་སྤྲུལ་སྐུ་ལ་ཕུལ་བ།
བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ།

༄༅།། རྒྱལ་ཀུན་མཁྱེན་བརྩེ་ཡེ་ཤེས་ཀྱི། ། རང་གཟུགས་སྤྲུལ་སྐུའི་ཚུལ་བསྟན་པ། ། སྐྱབས་མཆོག་མངྒ་ཝེར་ཞི་ཞེས། ། མཚན་སྙན་འབར་བའི་ཞབས་སྐྱེས་སུ། ། སྙིང་ག་འོ་མའི་རྒྱ་མཚོ་དབུས། ། དད་གསུམ་རླབས་དཀར་འཕྱུར་བའི་རྩེར། ། ཞུ་མཆིད་མེ་ཏོག་སྦྲང་རྩི་ཅན། ། སྙན་ཚིག་བུང་བའི་དབྱངས་བཅས་འབུལ། ། དེང་ཁྱེད་གཟུགས་སྐུའི་ཉི་གཞོན་ནི། ། རླབས་ཆེན་མཛད་བཟང་འོད་སྟོང་ཅན། ། རིས་མེད་གདུལ་བྱའི་མཁའ་དབྱིངས་སུ། ། གསལ་བས་ཕན་བདེ་པད་དཀར་བཞད། ། འདི་ན་འདི་འཛིའི་ནགས་ཁྲོད་དུ། ། རྒན་གཟུགས་འཁྲུ་ཤིང་འཁྱོག་པོའི་རྩེར། ། མགོ་སྐྱེས་ཤིང་བལ་ཁྱོད་ཀྱི་ཕྱོགས། ། མོས་པའི་རླུང་གིས་ས་ལ་དུད། ། འཚམས་ཞུ། བདག་ཡིད་སྦྲང་མ་སྲེད་པའི་མཆུ། ། རྙེད་པའི་སྦྲང་རྩི་གཞིབས་པ་ལ། ། བརྩེ་བའི་ཆུ་འཛིན་མཁའ་ལ་གཡོས། ། རྒྱལ་སྲས་སྦྱིན་པའི་ཆར་ཆེན་ལས། ། འདིར་ཡང་དམངས་སྒོར་བརྒྱ་ཕྲག་གཅིག ། བརྩེ་དུང་མཚོན་པའི་ལྷ་དར་བཅས། ། རྒན་པོའི་སྙིམ་པའི་མཐིལ་ལ་སོན། ། གང་གིས་གངས་ཅན་ལྗོངས་འདི་ན། ། སྔར་མེད་སྲིད་ཞུའི་མཆོད་སྡོང་ཆེ། ། བསྐྲུན་པའི་རླབས་ཆེན་མཛད་རྗེས་དེར། ། ཁོ་བོ་སྙིང་ནས་ཡི་རངས་ནའང་། ། འབྱོར་བ་ཞན་ཅིང་རྐྱེན་དབང་གིས། ། འབྲེལ་བ་ཙམ་ལའང་རེ་བ་ལྟར། ། གྲུབ་པའི་ལས་ལ་རྔོ་མ་ཐོགས། ། རེ་ཞིག་ཐུགས་ཁྲེལ་མི་གནང་འཚལ། ། རང་ཉིད་མི་མཐར་ཕྱིན་ཀྱང་། ། བསྟན་དོན་མཐར་ཕྱིན་མ་གྲུབ་པས། ། ཚེ་མཇུག་བྱ་བ་སྨོན་པ་བཞིན། ། གྲུབ་པར་སྐྱབས་མཇུག་གནང་བར་འཚལ། ། བདག་ཡིད་དགའ་བའི་མེ་ཏོག་ནི། ། གང་སྐུ་ཉི་མའི་ཕྱོགས་དེ་རུ། ། བཅོས་མིན་འཁོར་བའི་ངང་ཚུལ་འདི། ། བརྩེ་ཆེན་ཡེ་ཤེས་དག་པས་གཟིགས། ། སླར་ཡང་སྣང་དགོན་མ་ལ་ཡའི། ། མཆོག་སྤྲུལ་ཙན་དན་ལྗོན་བཟང་ལས། ། བཀའ་མཆུད་དྲི་བསུང་དུམ་བུ་རེ། ། སྙན་ཚིག་དྲི་བཞོན་ལམ་ནས་སྩོལ། ། དབྱངས་ལྡན་མགྲིན་པའི་ཁྱིམ་འདི་ན། ། དབྱངས་ཅན་རྩེད་འཇོ་རོལ་བ་ཡིས། ། དབྱངས་ཀྱི་འཕྲུལ་འཁོར་བསྐྱོད་པ་ལས། ། དབྱངས་སྙན་ཞུ་ཚིག་གུས་པས་ཕུལ། ། ཞེས་མཆོག་སྤྲུལ་རིན་པོ་ཆེ་ནས་ལྷ་དར་སྲིད་དུ་རིང་བ་དང་སྒོར་བརྒྱ་ཕྲག་གནང་སྐྱེས་བྱུང་བ་སྤྱི་བོར་འབྱོར་བ་ལ་བཀའ་དྲིན་ཆེ་ཞེས་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་གི་བོན་བརྒྱ་བླ་བྲང་རྩེའི་མཆོད་ཁང་ནས་དགེ་ལེགས་ལྷུན་གྲུབ་རྒྱ་མཚོས་རང་རྩོམ་ཀུན་བཟང་འཁོར་ལོ་གཉིས་དང་ལྷ་དར་བཅས་གུས་པས་ཕུལ། །  ། །

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།