ཉག་རོང་བླ་མ་བདུད་འདུལ་ཚང་ལ་ཕུལ་བ།

ཉག་རོང་བླ་མ་བདུད་འདུལ་ཚང་ལ་ཕུལ་བ།
བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ།

༄༅།། གསང་གསུམ་མི་འགྱུར་གཡུང་དྲུང་འབར་བའི་མཐུས།། བདུད་བཞི་འདུལ་བས་ཕྱོགས་ལས་རྣམ་པར་རྒྱལ། ། སྐྱང་འཕགས་གཉིས་པ་འགྲོ་བའི་བླ་མ་རྗེ། ། སྡེ་སྣོད་འཛིན་པའི་ཞབས་ཀྱི་པདྨོ་དྲུང་། ། དགེ་ལ་དད་ཀྱང་ངེས་ལེགས་མཁའ་དབྱིངས་ལྗོན། ། ལྷུན་པོའི་གཟུགས་ལ་ཤེས་པ་མ་གྲུབ་བཞིན། ། རྒྱ་ཆེན་མཚོ་འཇིངས་མ་མཐོང་བས། ། བོན་བརྒྱ་སྐྱེས་མིང་བ་དེས་ཕྱག་བཅས་གསོལ། ། མཁས་མང་གྲུབ་མཐའ་གླིང་བཞི་ཆུ་གཏེར་དབུས། ། མཁས་དང་གྲུབ་པའི་དཔལ་གྱི་བང་རིམ་ཅན།། མཁས་མཆོག་གྲུབ་དབང་རི་རྒྱལ་ལྷུན་པོའི་གཟིས། ། མཁས་རློམ་གྲུབ་རྫུ་རི་ཕྲན་ཟིལ་གནོན་མཛད། ། འཛམ་གླིང་མཁས་གྲུབ་ཆེ་རྒུའི་རལ་བའི་རྩེར། ། ཞབས་སེན་ཟླ་ཚེས་གསར་བས་བརྒྱན་པ་ཡིས། ། དྲེགས་ལྡན་སྙིང་གི་ཚ་གདུང་སེལ་བ་དང་། ། ལྷན་ཅིག་སྐལ་བཟང་ཀུན་དའི་ལང་ཚོ་རྒྱས། ། ཨེ་མ་གངས་ཅན་ཤར་རྫའི་ཞིང་གི་མགོན། ། སངས་རྒྱས་གཉིས་པ་གྲུབ་དབང་མང་གའི་མཚན། ། ཡིད་ལ་དྲན་ཙམ་གདུང་ཤུགས་འབར་བའི་རྩེར། ། ཁྱོད་ཞལ་ཟླ་བའི་འཛུམ་ཟེར་ཡང་ཡང་ཤར། ། གང་ལས་གསུང་འཕྲིན་དྲི་བཟང་འཐུལ་བ་ཅན། ། བྱ་མ་རྟ་ཡི་དྲི་བཞོན་དང་འགྲོགས་ཏེ། ། གཟུགས་སྐུའི་སྣང་བརྙན་སྤྱི་བོར་འབྱོར་མ་ཐག། དངོས་མཇལ་བྱུང་འདྲའི་དགའ་བ་ཚད་མེད་བརྟས། ། འཚམས་ཞུ། འདི་ན་གཤེན་གྱི་འདུས་སྡེའི་ཞབས། ། སྤྱི་བོས་འདེགས་ལ་མི་ངལ་བར། ། སྙིང་ཕྲ་མོའི་ཤེད་བརྐྱངས་ནས། ། བསྟན་དོན་ལྷུན་པོའང་ཁུར་སྙམ་བདོག། འོན་ཀྱང་སྙིགས་མའི་རང་མདངས་ནགས་ཀློང་ན། ། གཟུར་གནས་པད་དཀར་བཞད་པའི་འཁྲི་ཤིང་ལས། ། སྲིད་འབྱོར་ཡལ་གས་སྙེམས་པའི་ཚང་ཚིང་གི། ། ཕྲག་དོག་ཚེར་མའི་རྩེ་མོ་དགུང་དུ་མཐོ། ། དེ་ཡིས་ཡིད་ཀྱི་འཁྲི་ཤིང་ལྕུག་མའི་རྩེ། ། སྐྱོ་བའི་རླུང་གིས་འདར་བ་དང་བཅས་ཏེ། ། ཉམས་ལེན་ཤིང་བལ་མཁའ་ལ་འཕུར་བ་ན། ། ཁྱོད་སྐུ་ཧ་རིའི་ལྗོན་བཟང་མཇལ་བར་སྨོན། ། ཚེ་དང་ལུས་དང་ལོངས་སྤྱོད་གསུམ། ། བསྟན་དོན་ཕྱོགས་སུ་གཏོང་སྙམ་ཡང་། ། ཚེ་མཇུག་ཕྱི་དྲོའི་ཉི་སྣང་འདི། ། བསྟན་འཛིན་ཁྱེད་ ཐུགས་མཁའ་ལ་ཟུངས། ། གངས་རིའི་ལྗོངས་ན་གཤེན་བསྟན་གྱི། ། ཟླ་བ་དཀར་པོའི་འོད་སྣང་ཅན། ། རྒྱ་ཆེན་མཁྱེན་པའི་མཁའ་དབྱིངས་ལས། ། བསྟན་འཛིན་ཀུན་དའི་ཚལ་ལ་སྤྲོས། ། སྲིད་པའི་སྒྲོན་མེ་ཁྱེད་འདྲ་བས། ། བསྟན་འགྲོར་ཕན་བདེ་སྣང་བར་ངེས། ། སྲིན་བུའི་མཇུག་མའི་འོད་ཙམ་གྱིས། ། སྲིད་པའི་མུན་པ་སེལ་ནུས་ཅི། ། ཁྱད་པར་ཀུན་མཁྱེན་མངྒའི་ཞབས་ཀྱི་གདན་ས་མི་འགྱུར་ལྷུན་པོའི་སྤོར། ། གྲུབ་པའི་རྒྱལ་མཚན་བསྙལ་བ་མེད་པར་འཛིན་ལ་ཁྱོད་ཀྱི་ཐུགས་སྟོབས་ཀྱིས། ། གྲགས་པ་དཀར་པོའི་ཕུར་མ་གཡོ་བ་འཛམ་གླིང་ཕྱོགས་ཀྱི་བུ་མོ་ཡིས། ། དངོས་སུ་མཐོང་བའི་དགེ་མཚན་སྣང་བ་ཅིས་ཀྱང་འགོག་མེད་ཆོ་ག་སྒྲུབས། ། དེ་ཡི་རེ་བ་ནོར་བུའི་ཏོག། འཛིན་མའི་སྟེང་ན་སྐལབཟང་རྣམས། ། རྒྱལ་མཚན་རྩེ་མོར་འགོད་པ་ལ། ། འདོད་པ་ཅི་བཞིན་ཁྱོད་ཀྱིས་སྐོངས། ། ཅི་ཕྱིར་བསྟན་པ་འཛིན་ན་སྒྲུབ་རྒྱུད་གཙོ། ། དེ་ཡི་རྩ་བ་དམ་གཙང་སེལ་མེད་དགོས། ། ཀུན་མཁྱེན་ཐུགས་ཀྱི་སྲས་ཁྱོད་ཡོད་བཞིན་དུ། ། འབངས་ཀྱིས་རྒྱལ་ས་སྐྱོང་བ་ག་ལ་འོས། ། གཤེན་བསྟན་གངས་ཀྱི་རི་ལ་འགྱིངས་པ་ཡི། ། རྣལ་འབྱོར་སེང་ཆེན་རྟོགས་པའི་གཡུ་རལ་ཅན། ། བསྟེན་ལས་གདམས་ངག་འོ་མའི་རྒྱུན་འཐུང་སྟེ། ། རྟོགས་གྲོལ་ལང་ཚོ་སྨིན་པ་ཁྱོད་ལས་སུ། ། དེ་ཕྱིར་འཛམ་གླིང་སངས་རྒྱས་གཉིས་པ་ཞེས། ། གྲགས་པའི་སྲིད་ན་མངོན་མཐོ་བ། ། ཀུན་མཁྱེན་གྲུབ་དབང་ཤར་རྫའི་སྟོན་པ་ཡི། ། གསུང་གི་སྲས་སུ་ཁྱོད་ཉིད་གཅིག་པུ་ཁུམས། ། རང་བསྟན་འཛིན་ལ་འདུན་པ་མི་ལྷོད་པའི། ། རང་སློབ་འཇིགས་མེད་རིག་པའི་དབང་ཕྱུག་འདི། ། རང་སྲས་ཚུལ་དུ་བསྐྱངས་པའི་ལེགས་བྱས་འདིས། ། རང་ཉིད་ཐུགས་ལ་འདོགས་པའི་རྒྱུ་རུ་འཚལ། ། མཁྱེན་པ་ཀུན་གསལ་ལམ་ཡངས་ལས། ། བརྩེ་ཆེན་སྤྲིན་དཀར་རབ་གཡོས་ཏེ། ། ནུས་པ་བདུད་རྩིའི་གྲུ་ཆར་གྱིས། ། བདག་བློ་དགེ་བའི་མྱུ་གུ་སྐྱོངས། ། སྣང་ཞེན་བྲལ་བའི་རིམ་ གཉིས་ཟབ་མོའི་ཐུགས། ། མི་ཤིག་གཡུང་དྲུང་འབར་བའི་སྲུང་གུར་དུ། ། ངེད་ཅག་དགོན་སྡེ་རྟེན་དང་བརྟེན་པ་བཅས། ། ནམ་ཡང་འདོར་བ་མེད་པར་སྙིང་ནས་ཞུ། ། ཉིད་ཀྱི་གསེར་ཞལ་མཇལ་འདོད་རེ་བ་ནི། ། སྐོམ་པས་ཆུ་དང་བཀྲེས་པས་ཟས་འདོད་བཞིན། ། ཡིད་ལ་བཅགས་ན་ཞབས་པད་བསྐལ་བརྒྱའི་བར། ། བརྟན་ཅིང་སྨོན་པའི་གནས་དེ་གྲུབ་པར་མཁྱེན། ། དུང་དུང་ཡིད་ཀྱི་ཞུ་ཡིག་གཡས་འཁྱིལ་དུང་། ། དབྱངས་ཅན་རིག་པའི་དབུགས་ཀྱིས་བསྐུལ་བའི་དབྱངས། ། རྟེན་འབྲེལ་མཚོན་བྱེད་ལྷ་རྫས་དྲི་མེད་རྟེན། ། ཕུལ་བྱུང་སྙན་དང་སྤྱན་གྱིས་དགོངས་ཕྱིར་ཕུལ། ། ཞེས་རེབ་གོང་གསེར་མོ་ལྗོངས་ཀྱི་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་གི་བོན་བརྒྱ་བླ་བྲང་གི་རྩེ་མཆོག་གསུམ་མཆོད་པའི་ལྷ་ཁང་གི་གཡས་ཟུར་རང་ཤོང་སྤྱི་བུ་ནས་སྒོ་གསུམ་གུས་པས་ལྷ་ཕྱག་འཚལ་ཏེ་ལྷ་དར་བཅས་ཟླ་ཚེས་ལ།། །།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།