ཀུན་མཁྱེན་ཤར་རྫ་བ་བཀྲ་ཤིས་རྒྱལ་མཚན་རིན་པོ་ཆེ་ལ་ཕུལ་བའི་ཞུ་ཡིག་རྒྱལ་བ་དགྱེས་པའི་མཆོད་སྤྲིན།

ཀུན་མཁྱེན་ཤར་རྫ་བ་བཀྲ་ཤིས་རྒྱལ་མཚན་རིན་པོ་ཆེ་ལ་ཕུལ་བའི་ཞུ་ཡིག་
རྒྱལ་བ་དགྱེས་པའི་མཆོད་སྤྲིན།

 བོན་བརྒྱ་གཡུང་དྲུང་ཕུན་ཚོགས།

རྒྱལ་བསྟན་རིན་ཆེན་དྲི་མེད་མདོ་སྔགས་སྙིང་བོའི་ཉེ་ལམ་མཆོག །
ཚུལ་བཞིན་ལྷུར་འབྲས་ཡང་དག་དོན་གྱི་རིག་པ་རང་ཤར་ཏེ། །
ལུང་རིགས་བཀྲ་ཤིས་རེ་ཁས་མཛེས་པའི་བཀའ་བུམ་རྒྱལ་མཚན་ཆེ། །
སྲིད་ཞིའི་བླ་རུ་འཇིགས་པ་མེད་པར་འདེགས་མཁས་དབང་བོའི་དྲུང་། །
རྣམ་དག་ངེས་འབྱུང་མྱུ་གུ་སད་ལ་ཤོར། །
གཞན་ཕན་ཀ་ཅ་རང་གཅེས་འཇབ་བུས་འཕྲོག །
རྨད་བྱུང་དག་སྣང་ནོར་བུ་འདམ་དུ་བྱིངས། །
མདོ་ཤོར་སྟོང་ཟོབ་མཁན་དེས་གུས་ཞུ་བ། །
ཕ་མཐའ་མི་མངོན་མཛད་བཟང་མ་དྲོས་ཕང་བ་ལས། །
ལེགས་འཁྲུངས་ཕུལ་བྱུང་གང་མཚན་ས་འཛིན་ལྷན་པོའི་སྤོར། །
བསྔགས་འོས་ཡོན་ཏན་བྱེ་བའི་མུན་དྷའི་ལྗོན་ཆེན་བརྟས། །
གངས་ལྡན་གླིང་བཞིའི་དབུས་ན་འཚོ་ཞིང་བཞེས་པ་རྨད། །
རྨོངས་པའི་ཁྲོད་ན་འཚུལ་འཆོས་ང་རོ་མཐོ། །
ཚུལ་མིན་གོམས་ཆེས་དམ་པའི་ཁྱུ་ནས་བུད། །
སོ་སྐྱེས་ཕལ་བ་ལས་ཀྱང་སྐལ་དམན་བདག །
སེམས་པ་མགོན་ཁྱེད་དྲུང་ཕྱོགས་བདེ་བར་བདོག །
འཚམས་ཞུ།
ཐུགས་སྐྱོ་ངེས་འབྱུང་ཚད་མ་ཡང་དག་གིས། །
འདི་སྣང་ཕུན་ཚོགས་མཆིལ་མའི་ཐལ་བ་བཞིན། །
བོར་ནས་དབེན་པར་བསླབ་གསུམ་མཐར་སོན་པ།།
རྗེ་བཙུན་དམ་པ་སླར་ཡང་གར་དུ་བརྩོན། །
ལྔ་ཕྲག་ཟུང་གི་ལུང་རིགས་པི་ཝང་སྒྲ། །
རྣམ་དཔྱོད་སོར་མོས་སྙན་འཇེབས་གླུར་བཀུགས་ཏེ། །
གཟུར་གནས་མཁས་མང་དྲི་ཟའི་ཡིད་གསོས་སུ། །
འཐེན་མཁས་སྨྲ་བའི་སེང་གེ་གཉིས་སུ་སྣང་། །
དགོངས་བརྡ་སྙན་བརྒྱུད་མན་ངག་ཙི་ཏྟའི་ཁྲག །
ཌཱ་ཀྐིའི་རྒྱ་ཅན་ཐུན་མོང་མ་ཡིན་པ། །
ཆེར་སྙིགས་འགྲོ་བའི་དཔྱིད་དུ་ཕོངས་མེད་དུ། །
སྦྱིན་པ་གཏེར་སྟོན་བརྒྱ་རྩའི་རྒྱལ་ཚབ་དངོས། །
རིགས་༼རིག༽ནས་རྨོངས་ཆེན་མནལ་༼མལ༽ལས་མ་སད་པའི། །
མ་གྱུར་སྐྱེ་རྒྭ་དུཿཁས་མནར་བ་དག །
ཕྱམ་གཅིག་ངེས་ལེགས་སྦྱོར་བའི་ཁུར་བསྣམས་པ། །
རྒྱལ་སྲས་སྙིང་རྗེ་ཆེན་པོའི་དཔེ་ཟླར་འཁུ། །
ཟད་དང་མི་སྐྱེ་ཤེས་པའི་ཡང་དག་དོན། །
རྩོལ་བྲལ་རྒྱལ་ས་ཟིན་པའི་དགོངས་པ་ཆེ། །
ཐོག་མའི་མགོན་པོ་གུད་ན་མེད་པའི་སར། །
ཕེབས་པའི་ཉམས་རྟོགས་བླ་མེད་རྩེ་རུ་ཆིབས། །
ཁྱད་པར་གོང་མའི་ལུང་རིགས་ཟླ་ཉིས་སྨིན་པར་མ་ནུས་པའི། །
ངེས་གསང་མཐར་ཐུག་ཐོད་རྒལ་སྦས་དོན་བ་ཀུ་ལ་ཡི་ཁ། །
འཕུར་འགྲོའི་ལུང་དང་དབུ་མའི་རྩ་མདུད་རང་གྲོལ་འགྲམ་ཆང་གིས། །
ཕྱེས་ཏེ་ལས་ལྡན་གདུལ་བྱའི་ཚོགས་ལ་དགའ་སྟོན་འགྱེད་འདི་མཚར། །
དེ་བཞིན་བསྔགས་འོས་ཡོན་ཏན་ཀུན་ཁེབས་ཕ་མཐའ་ཆེ། །
ཚུར་མཐོང་བྱིས་བློ་འུར་བའི་གཤོག་པས་གཞལ་དཀའ་ཡང་། །
ཆ་ཙམ་ཚིག་ཏུ་འགྲེམ་པའི་གེ་ས་ར་ཡི་ཚལ། །
གཡོ་ཟོལ་མིན་པར་དད་པའི་མགོ་ལྕོག་ལན་སྟོང་ལྡེམ། །
ཆེད་དོན་ལྔ་མདོའི་མཚན་མ་མངོན་སུམ་ལྷག །
རྒྱལ་བསྟན་འོད་སྣང་ནུབ་རིར་ཆས་དགོངས་ལ། །
ཚེ་དང་ཡེ་ཤེས་མཐའ་ཡས་ངོ་བོ་རུ། །
མི་ཤིགས་གཡུང་དྲུང་ཁྲི་ལ་ཏིཥྠནྟུཿ།
རིས་བྲལ་རྒྱལ་བསྟན་སྤྱི་དང་ཁྱད་པར་དུ། །
ཅོད་པན་དུང་འོད་འགྱུ་བའི་རིང་ལུགས་འདིའི། །
བཤད་སྒྲུབ་སྲིད་པའི་ཁམས་ལས་བརྒལ་བ་དང་། །
འབྲེལ་ཚད་སྨིན་གྲོལ་མཐར་སོན་ཐུགས་བརྣག་འཚལ། །
ཕྲན་བུ་རང་ཡང་དེང་ནས་བྱངཆུབ་བར། །
ཐུགས་རྗེའི་གཏེར་ཆེན་ཁྱེད་ཀྱིས་ཉེར་དགོངས་ལ། །
འདི་ཕྱི་བར་དོར་རིགས་ཀྱི་བདག་པོ་རུ། །
བཞུགས་ཏེ་འབྲལ་མེད་རྗེས་འཛིན་སྐྱབས་འཇུག་ཀྱེ། །
དེ་ལྟའི་ཞུ་ཆུང་འདེགས་རྟེན་རིན་ཆེན་གཉིས་པ་རྡེལ་ཚལ་དང་། །
ན་བཟའི་དོད་ཙམ་ཟ་འོག་གསེར་མདངས་ཁ་དྲུག་འཇའ་ལྷམ་སག །
བསྐལ་བརྒྱར་བཞེས་པའི་རྟེན་འབྲེལ་ཁྲི་གདན་རྒྱབ་ཡོལ་ལྷ་རྫས་བཅས། །
ཟླ་ཚེས་དགེ་བར་ས་མཐའི་ཁྲོད་ནས་སྒོ་གསུམ་གུས་པས་ཕུལ། །

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།