རྒྱང་ནས་བཏེགས་པའི་ཞུ་མཆིད་ལྷ་རྫས་དཀར་པོ།

རྒྱང་ནས་བཏེགས་པའི་ཞུ་མཆིད་ལྷ་རྫས་དཀར་པོ།
སྐྱིད་སྲས་དགེ་ལེགས་ཉི་མ།

1420144141

དག་པ་གཉིས་ལྡན་སེམས་དབྱིངས་བོན་གྱི་སྐུ། །
ངེས་པ་ལྔ་ལྡན་ལྷུན་གྲུབ་རྫོགས་པའི་སྐུ། །
མ་ངེས་ལྔ་ལྡན་རྒྱལ་བ་སྤྲུལ་བའི་སྐུ། །
སྐུ་གསུམ་ངོ་བོ་སྐྱང་སྤྲུལ་དབང་པོར་འདུད། །
ཚོགས་གཉིས་རྒྱ་མཚོ་རྒྱས་པའི་དཀྱིལ་འཁོར་ལས། །
སྐུ་གསུམ་དབྱེར་མེད་སྐྱོན་བྲལ་པད་མོ་འཛུམ། །
ལས་བཞི་འཕྲིན་ལས་འདབ་ལེགས་རབ་རྒྱས་པས། །
ལམ་ལྔའི་འབྲས་བུས་རྒྱལ་བའི་རྒྱལ་ས་ཟིན། །
བདེན་གཉིས་ཟུང་འབྲེལ་སྐྱ་རེངས་མ་མའི་གཟིས། །
ཁམས་གསུམ་སྨག་ཆེན་དྲུངས་ནས་འབྱིན་པར་མཛད། །
བདེན་བཞི་མི་རྟག་བཞི་བཞི་རྗེན་པར་རྟོགས། །
སྐུ་ལྔའི་ཞིང་ཁམས་བཀོད་པ་སྣ་ཚོགས་གཟིགས། །
ཡེ་ནས་སྟོང་བའི་ངང་ལས་མ་གཡོས་ཀྱང་། །
ཁམས་གསུམ་ཁ་འཁོར་རྒྱུ་དྲུག་ལུས་བླངས་པ། །
བདག་གཞན་མ་དག་སེམས་ཅན་ཀུན་གྱི་ངོར། །
གཟུགས་སྐུ་འཆར་བའི་ཐུགས་ལ་ཆེད་ཞུ་གསོལ། །
བདག་ཅག་མ་རིག་སྒྲིབ་པ་ཤུགས་ཆེ་བས །
ཡང་དག་ཤེས་བྱའི་གནས་ལུགས་མུན་པས་གཡོགས། །
དུག་གསུམ་ཉོན་མོངས་བཙན་པོའི་གཞན་དབང་གིས། །
རྣམ་གཡེང་རི་དྭགས་དགོ་བ་རྫ་ལ་མཆོངས། །
འདི་ན་བསིལ་རི་འཁྲས་བཅས་གདོང་ལྔ་རྣམས། །
ཡ་མཚན་མཆོག་གི་གཡུ་རལ་ཅི་ཡང་རྫོགས། །
འོན་ཀྱང་སེང་གེ་དཀར་མོའི་འོ་ཞོའི་རྒྱུན། །
སྣོད་ངན་གཞོང་གིས་མ་ཐུབ་ཞེ་རེ་འགྱོད། །
སྒོ་བཞི་མཛོད་ལྔ་རྒྱ་མཚོའི་ཕ་མཐའ་ལ། །
ལེགས་པར་རྐྱལ་བའི་རྩལ་ཤུགས་རྫོགས་མིན་ཡང་། །
དཔལ་ལྡན་སྨན་རིའི་མཁན་སློབ་གསེར་ཞལ་མཆོག །
མཇལ་བའི་སྐལ་བཟང་ཆུད་ཟོས་མ་སོང་ཙམ། །
དང་པོ་རིག་ལམ་སྡུད་གྲྭའི་རྟ་ཡིས་འཁུར། །
གཉིས་པ་ཚུལ་གསུམ་གཏན་ཚིགས་མཛོ་ཡིས་བརྡུངས། །
གསུམ་པ་གྲུབ་མཐའི་ལྟ་བ་གླག་གིས་བཅུམས། །
བཞི་བ་ས་ལམ་ལྟོ་ན་ཨ་ཐང་ཆད། །
གང་སྐུ་ལེགས་གསུང་བསིལ་ཆབ་དྭངས་མོའི་མདངས། །
འཁོར་བ་རྣག་ཁྲག་འདམ་རྫོབ་བཀྲུ་བའི་གཉེན། །
གང་ཙམ་སྒྲ་འཛིན་ལམ་དུ་ལྷུང་བ་ན། །
སྡུག་བསྔལ་མཚོ་ལ་བདེ་སྐྱིད་ཁ་ཞགས་ཆགས། །
བདག་ནི་ཆུང་ནས་ཉིད་སྐུའི་རྗེས་འབྲང་ཡང་། །
སྡིག་ཅན་གཏོ་བུ་སྟོན་པའི་སྤྱན་སྔར་བཞིན། །
བསམ་པའི་འཆར་སྒོ་རླུང་བུའི་རྩེ་ན་བསྐྱོན། །
ཞབས་ཞུ་ལན་གཅིག་མ་ཐུབ་སྙིང་ནས་འགྱོད། །
བགྲང་བྱ་བཅུ་ཕྲག་ལྷག་གི་ཕ་རོལ་ན། །
སྨོན་འདུན་ཁྲི་ཕྲག་ལྷག་གི་ཚུ་རོལ་ན། །
ཕུགས་བསམ་བརྒྱ་ཕྲག་བརྩེག་པའི་སྣེ་མོ་དེར། །
སླེབས་པའི་སྐྱབས་འཇུག་སྐྱང་སྤྲུལ་དབང་པོས་སྲུངས། །
བདག་ཅག་ལས་དང་སྨོན་ལམ་མཐུ་བཙན་པོས། །
ཆུང་ནས་བླ་སློབ་རྨུ་ཐག་རིང་མོས་སྦྲེལ། །
འདས་མ་ད་གསུམ་ཐུགས་ཀྱི་གུར་ཁང་ནས། །
ཐུགས་རྗེ་བརྩེ་ཞགས་རིང་ནས་མ་ལྷོད་ཀྱེ། །
གཤེན་གྱི་སྡོམ་ཚིག་བཅུ་གསུམ་གྱིས་གྲུབ་པ། །
སློབ་བུས་ངག་རིག་མཆོད་པའི་མེ་ཏོག་འདི། །
དག་པའི་ལྷ་རྫས་ཉིད་དུ་དགྱེས་བཞེས་ནས། །
བཀའ་སློབ་བདུད་རྩི་སྦྲང་ཆར་རྟག་འཇོ་ཤོག །
ཞེས་བདག་ལ་ཆུང་ནས་བསྐྱངས་པའི་བཀའ་དྲིན་སུམ་ལྡན་གྱི་དཔོན་གསས་དམ་པ ༧ དཔལ་སྐྱང་སྤྲུལ་ནམ་མཁའ་བསྟན་འཛིན་རིན་པོ་ཆེ་མཆོག་ཉིད་ནས་བདག་ཅག་ལ་བཀའ་སློབ་ཟབ་རྒྱས་གནང་བ་ལ་ཐུགས་རྗེ་ལེགས་གསོལ་ཞུ་ཆེད་འཕགས་ཡུལ་ཧི་མ་ཅལ་གྱི་ཞིང་ཁམས་དཔལ་གཤེན་བསྟན་སྨན་རིའི་གླིང་ནས་ཉི་ཟླའི་སློབ་འབངས་ཡོང་ཀྱི་གྲལ་མཐའ་ཙམ་ཟིན་པའི་སློབ་བུ་སྐྱིད་སྲས་དགེ་ལེགས་ཉི་མ་ནས་རང་རེའི་གྲྭ་བཙུན་རྣམས་ཀྱི་ཚབ་བྱས་ཏེ་ཕུལ་བ་དགེའོ། །
ཐ་ཚན་མུ་ཙུག་སྨར་རོ། །
1421133249

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།