ཞུ་འཕྲིན་དད་པའི་རང་མདངས།

ཞུ་འཕྲིན་དད་པའི་རང་མདངས།
སྐྱིད་སྲས་དགེ་ལེགས་ཉི་མ།

2358466817

མཚན་མའི་སྤྲོས་པ་ཉེར་ཞི་བོན་གྱི་སྐུ།།  མ་འགག་ཡེ་ཤེས་ལྷུན་གྲུབ་རྫོགས་པའི་སྐུ།།
གསལ་སྟོང་ཟུང་འཇུག་གང་འདུལ་སྤྲུལ་བའི་སྐུ།།  སྐུ་གསུམ་དབྱེར་མེད་སྐྱབས་གཅིག་བོན་བརྒྱ་བ།།

ཉིད་སྐུ་མི་འགྱུར་ཁྲི་འཕང་མཐོན་པོའི་སྤོར།།  ཀུན་རྫོབ་མཚན་མའི་སྤྲོས་པ་ཡོངས་བྲལ་ནས།།
རྣམ་དཀར་གཡུང་དྲུང་བོན་གྱི་བསྟན་དོན་ཆེད།།  སྐུ་ངལ་རྒྱང་ལ་བསྐུར་བ་བདག་གིས་ཐོས།།

དགེ་ལེགས་བྱེ་བའི་ཟེར་མ་འབུམ་གཡོ་བས།།  མ་རིག་མ་རྟོགས་བག་རྒྱའི་སྡོམ་ཐག་བཅད།།
མ་དག་ལས་ཀྱིས་འཕངས་འབྲས་སྲིན་བྱའི་བུ།།  མུན་ནག་ཁྲོད་ན་ལོང་བའི་བརྟུལ་ཞུགས་འཆང་།།

རྒྱལ་བ་སྟོང་གི་ཐུགས་བསྐྱེད་རླབས་པོ་ཆེ།།  ཅིག་ཆར་རོལ་བའི་མཁས་མཆོག་གདོང་ལྔ་བ།།
གཤེན་བསྟན་གངས་རིའི་རྩེ་ནས་རབ་འགྱིང་ན།།  རྒོལ་ངན་ཝ་སྐྱེས་འཇིགས་པའི་སྤུ་ལོང་ལྡང།།

འདི་ན་གུར་གུམ་གསར་བའི་སྐྱེད་ཚལ་དབུས།།  སྡེ་སྣོད་གཞུང་བརྒྱའི་མཛོད་ཀྱི་འབྲུ་ཆགས་ཅིང་།།
སེམས་དཔའ་གསེར་རིའི་ཐོད་ཀྱི་སྤྱན་གཅིག་པུས།།  གང་སྐུ་མཛད་པར་མོས་པའི་ཐལ་མོ་ཟླུམ།།

སྤང་སྨན་མཚོ་སྨན་གཡང་དུ་འཁྱིལ་བའི་རིག་འབྱུང་སྨན་གྱི་རི་བོ་ན།།
ཚངས་སྤྱོད་སེམས་དཔའ་པད་དཀར་འཛིན་རྣམས་བཟང་སྤྱོད་ཡོན་ཏན་བསུང་ཞིམ་ཐུལ།།
ཕྱོགས་བཞི་མཚམས་བརྒྱད་གང་ནས་མགྲོན་ཕེབས་སྐལ་ལྡན་རྭ་ཡིག་གཉིས་པའི་ཁྱུ།།
ལྗོངས་འདིའི་དབུགས་ཀྱིས་ཡོངས་སུ་སོས་ནས་ཨེ་བདེན་སྙམ་པའི་དོགས་པ་འཛིན།།

ལེགས་འབྱུང་ཡོན་ཏན་ཆུ་ཤེལ་ལས་གྲུབ་སྟོན་མཚན་ཟླ་བའི་རང་མདངས་ལ།།
ལྷ་དབང་བརྒྱ་བྱིན་དད་མོས་བློ་ཡིས་ཐོད་པའི་ས་ལ་ཡང་ཡང་བརྡུངས།།
དྭངས་གསལ་མཚོ་མོའི་འགྲམ་པར་སྐྱོམས་པའི་མཚན་མོའི་བདག་པོའི་རྣམ་པ་ལ།།
དངོས་ལ་འཁྲུལ་ནས་དོག་འདིར་མཆོང་བས་མཚོ་ཆུང་ལྟོ་བར་ཅལ་གྱིས་ལྷུང་།།

དེ་ཚེ་ཕྲག་དོག་མིག་ཡ་སྒྲིབ་པའི་ཀླུ་བདུད་ནག་པོས་མ་བཟོད་པར།།
རྒྱལ་ཆེན་བཞི་དང་བློན་ཆེན་ཀུན་ལ་གསང་སྟབས་བཀའ་ཡི་གྲོས་མོལ་བགྱིས།།
འོན་ཀྱང་བློ་གྲོས་རྩལ་སྟོབས་མངའ་བ་ཁྱུང་དཀར་མཁའ་ལྡིང་རྒོད་པོ་ལ།།
ན་ག་སྦྲུལ་ནག་འབུམ་ཕྲག་གིས་ཀྱང་མ་ཐུབ་མགོ་བོ་འཕྲེད་དུ་གཡུགས།།

ཐུགས་བསྐྱེད་ཟབ་མོ་མི་འགྱུར་མཐའ་བྲལ་རྣམ་སད་ལྷ་ཡི་རྫིངས་རིང་ལས།།
ཡང་སྤྲུལ་གཞོན་ནུ་ཤར་གྱི་ཐིག་ལེ་མ་འོངས་བསྟན་པའི་སོན་རྩར་འཁྲུངས།།
གསེར་གྱི་རི་ལ་གསེར་གྱི་ཉི་ཤར་གསེར་ལྗོངས་འཛིན་མའི་ལྟོ་བ་རུ།།
གནམ་ས་འོད་ཀྱིས་ཡོངས་སུ་འཁྱུད་པའི་ངོ་མཚར་ལྟད་མོ་ཅིག་ཆར་རྫོགས།།

ཁྱེད་སྐུ་གྲགས་སྙན་གཡུ་འབྲུག་དར་མས་སྲིད་གསུམ་གནོན་པའི་ངང་ཚུལ་གྱིས།།
གདུལ་བྱའི་སློབ་བུ་གང་དུ་ཕྱིན་ཀྱང་རིན་ཆེན་ནོར་བུའི་རྗེས་སུ་ཆགས།།
ནོར་བུའི་འོད་ལ་ནོར་བུར་བཏགས་པས་མཁས་མང་འདུས་པའི་དོ་ར་རུ།།
ཉིད་སྐུའི་གྲགས་པ་བརླག་ཉེན་བསམ་ན་སྙིང་ཆུང་ལུ་གུའི་མཆོང་ལྡིང་རྒོད།།

མ་ལུས་ཤེས་བྱས་བྱུ་བུར་གཏམས་པའི་སྡེ་སྣོད་གཞུང་བརྒྱའི་མཚོ་གླིང་ལ།།
རིན་ཆེན་སྣ་བརྒྱ་ཟོང་དུ་འདྲེན་བྱེད་བདག་ལུས་གྲུ་གཟིངས་ཡོམ་ཡོམ་རྒྱུ།།
ཆུ་ཆེན་འཁྲུག་དང་རླུང་འཚུབ་ནག་པོ་མ་རུང་འཇིགས་པའི་དགྲ་བྱུང་ན།།
ཡབ་གཅིག་སྐྱབས་རྗེ་རྩ་བའི་བླ་མས་ཐུགས་གུར་དབུས་སུ་ཆོངས་ཤིག་ཀྱེེ།།

ཁྱེད་སྐུ་མི་འགྱུར་གཡུང་དྲུང་ཁྲི་འཕང་རྩེར།།  སྐལ་བཟང་བསོད་ནམས་སྐལ་དུ་ལེགས་བརྟན་ནས།།
སྐལ་ལྡན་འགྲོ་བ་བོན་སྐལ་མ་སྟོང་བར།།   སྐལ་མཉམ་གཞན་ཕན་འོད་རླབས་ཡོངས་ཀྱི་སྐལ།།

རྣམ་མང་གྲུབ་མཐའ་ཀེ་ལ་ཤ་རིའི་གྲངས།།  རྣམ་དག་གཤེན་བསྟན་ཐེག་ཆེན་གཡུང་དྲུང་བོན།།
རྣམ་ཀུན་ཉིད་སྐུས་ཚེ་རབས་གཏན་སྐྱོངས་ནས།།  རྣམ་དཀར་བོན་གྱི་བསྟན་པ་རྒྱས་གྱུར་ཅིག།

བསྟན་རྩིས་རིས་མེད་མུན་སེལ་ཟླ་བའི་གཟིས།།  བསྐྱར་བཟླས་སྲིན་བུའི་འོད་ཀྱི་སྣང་བ་འཕྲོག།
ཀུན་ད་གསར་པའི་སྐྱེད་ཚལ་རྒྱས་པའི་སྡེས།།   མངོན་པར་དགའ་བའི་གོང་བུ་སོ་སོར་གྲོལ།།

འོན་ཀྱང་གངས་ཆུ་འདམ་ཀྱི་རྙོག་པའི་དྲི་མ་ཡིས།།  ཆུ་འགོ་གངས་ཆབ་རྒྱུན་གྱི་ཕུགས་མི་མཐོང་།།
ཆུ་འགོ་གངས་ལ་ཐུག་པའི་བདེན་རྟགས་སུ།།  ལོ་རྒྱུས་ཤེལ་གྱི་རྒྱང་མཐོང་ཉེར་འཛུགས་རེ།།

ཤེལ་གྱི་རྒྱང་མཐོང་གསལ་ཆའི་ངོ་བོ་ནི།།   སྣང་སྲིད་མེ་ལོང་བརྒྱ་ཡིས་ཇི་ལྟར་མཚོན།།
སྲིད་པ་གཤེན་གྱི་གངས་རིའི་བཞིན་མདངས་ལ།།   བལྟ་འདོད་རེ་བའི་མིག་སྟོང་ཉིད་ལ་ཕྱོགས།།

དཔོན་གསས་ཡོན་ཏན་རྣམ་མཁྱེན་བློ་འདས་ན།།   ཐོས་ཆུང་བློ་ཡི་ཁང་གོག་སྐར་ཁུང་ལ།།
རྒྱ་ཆེ་ཡངས་པའི་མཁའ་མཐའ་མི་ཤོངས་ཡང་།།   སློབ་དམན་དད་མོས་ངག་གིས་དག་པར་བསྟོད།།

གཙང་གཤེན་ཞལ་རྒྱུན་བདུད་རྩིའི་བུམ་བཟང་ལས།།   ཐིགས་ཙམ་མྱོང་བས་རྐང་དྲུག་མྱོས་པའི་གླུ།།
དིར་དིར་སྙན་དུ་གཟན་ཡང་དད་མོས་བློས།།   སྲིད་ཞི་གཙུག་རྒྱན་དགྱེས་པའི་རྐྱེན་དུ་བཏེགས།།

ཞེས་འདྲེན་པ་ལྷ་མིའི་དེད་དཔོན་ཆེན་མོ་སངས་རྒྱས་མི་ཡི་རྣམ་རོལ། འཛམ་གླིང་མཁས་མང་ཀུན་གྱི་གཙུག་རྒྱན་གྱི་ཅོད་པན་ཏུ་འཆང་བ། མཚན་ཙམ་ཀུན་གྱི་སྒྲ་སྒོར་བཞད་ཀྱང་འཁོར་བའི་འཇིགས་པ་བརྒྱད་ལས་གྲོལ་ཞིང་། བདེ་བ་ཆེན་པོའི་དཔལ་ལ་འགོད་པ།བསམ་བཞིན་མ་དག་སེམས་ཅན་བདག་གཞན་ཀུན་གྱི་སྣང་ངོར་གཟུགས་སྐུ་བྱོན་ནས་ཉི་མ་གནམ་ལ་ཤར་ཡང་འོད་ཀྱིས་ས་ལ་འགྲོ་དོན་བྱེད་པ་ལྟ་བུའི་དཔལ་ལྡན་རྩ་བའི་བླ་མ་༧དཔལ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོའི་ཞབས་པད་སྲིད་ན་མཐོ་བའི་དྲུང་དུ། ཉིད་ཀྱི་སློབ་འབངས་ཡོངས་ཀྱི་གྲལ་མཐའ་ཙམ་ཟིན་པའི་སློབ་བུ་ནམ་མཁའ་རྒྱལ་མཚན་དང་བསྟན་འཛིན་འོད་ཟེར། སྐྱིད་སྲས་དགེ་ལེགས་ཉི་མར་འབོད་པས་༧དཔལ་གཤེན་བསྟན་སྨན་རིའི་གླིང་ཞེས་གྲགས་སྙན་གྱི་བ་དན་སྲིད་རྩེ་ན་གཡོ་བའི་གནས་ནས་དད་ཕྱག་དང་བཅས་ཕུལ་བ་དགེའོ།།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།