རེབ་གོང་བོན་མང་ལ་སྤྲིངས་པའི་འཕྲིན། ༼༡༽

རེབ་གོང་བོན་མང་ལ་སྤྲིངས་པའི་འཕྲིན།
རྗེ་བཙུན་ཚུལ་ཁྲིམས་བསྟན་པའི་རྒྱལ་མཚན།

༄༅། །དཔག་ཡས་ཡོན་ཏན་མ་དྲོས་ཀླུང་བཞིན་གཏིང་མཐའ་གཞལ་བའི་ཡུལ་ལས་འདས། ། རྣམ་བཞིའི་འཕྲིན་ལས་ཉི་ཟླའི་འགྲོས་བཞིན་སྲིད་མཐའི་བར་དུ་རྒྱུན་མི་འཆད། ། བསྟན་དང་འགྲོ་ལ་སྨན་པའི་ཐུགས་བསྐྱེད་ཡར་ངོའི་ཟླ་ལྟར་གོང་འཕེལ་བ། ། བོན་མང་རིག་འཛིན་འདུས་པ་རྒྱ་མཚོའི་ཞབས་མཐིལ་ཀུན་དགའི་སྐྱེད་ཚལ་དྲུང་། ། རྒྱལ་བ་དངོས་བྱོན་སྨྲ་དབང་དམ་པའི་མགོན། ། རིགས་ཀྱི་ཅོད་པན་མཆོག་ཏུ་ཐོབ་ན་ཡང་། ། གོར་མ་རིལ་མོར་ལྕགས་ཀྱུ་མི་ཐེབ་ལྟར། ། རང་རྒྱུད་ཐ་མལ་ལུས་པ་དེས་ཞུ་འབྲས། ། རྣམ་དག་ངེས་འབྱུང་རྩ་བ་རབ་བརྟན་རིན་ཆེན་སེམས་ཀྱི་ཡོངས་འདུའི་ལྗོན་བཟང་ལ། ། ཕྱིན་དྲུག་བསྡུ་བཞིའི་ཡལ་གའི་ཁོ་ལག་དར་བས་ཕན་བདེའི་གྲིབ་བསིལ་ཕྱོགས་བརྒྱར་འགྲེམ། ། རིམ་གཉིས་མེ་ཏོག་མངོན་པར་བཞད་ཅིང་སྐུ་བཞིའི་འབྲས་བུས་ཡོངས་སུ་དུད་པ་ཡིས། ། རིག་སྔགས་འཆང་བའི་འཆི་མེད་ཚལ་དབུས་རྒྱལ་མཚན་ཏོག་ལྟར་མངོན་པར་མཐོ་བའི་ངོས། ། གཙང་གཤེན་ཆེན་པོའི་བཞེད་སྲོལ་ཆུ་གཏེར་ལས། ། ལེགས་བལྟམས་སྙན་ཚིག་གསུང་འཕྲིན་ཆུ་ཤེལ་དབང་། ། ལུས་སྲོག་རྒྱན་གྱི་ཆ་ཤས་ཡོངས་རྫོགས་པ། ། ཤར་བས་ཡིད་མཚོ་དགའ་བའི་རླབས་ཀྱིས་འགེངས། ། འདི་ན་ཞྭ་དཀར་བསྟན་པའི་རྗེས་འཇུག་པ། ། དམ་པའི་སྐྱེ་བར་བཏགས་པའི་གྱི་ན་བའང་། ། གཞན་དོན་ལྟར་སྣང་ཟིན་མེད་བྱ་བ་ཡིས། ། སྒོ་གསུམ་སྙོམས་ལས་འདམ་དུ་ལྟུང་ཞིང་གནས། ། འཚམས་ཞུ། ཆེད་ཞུ་སྔ་སོར་བྱ་མ་རྟ་ཡི་གདོང་། ། ལྷ་གོས་སྲིད་དུ་རིང་བའི་གནང་སྐྱེས་བཅས། ། ཕྲན་བུ་ཕྱོགས་དེར་བསྐྱོད་པར་བྱེད་དགོས་ཀྱི། ། གསུངས་བཞིན་ཧོར་ཟླའི་ཚེས་ལ་སླེབ་ངེས་བགྱིད། ། གཞར་ཡང་བྱམས་བརྩེའི་ཆུ་འཛིན་དཀྲིགས་པ་ལས། ། འགྲོ་རྒྱུད་འཛིན་མར་དགེ་བཅུའི་པདྨོའི་ཚལ། ། སྨིན་པའི་བར་དུ་འཕྲིན་ལས་གྲུ་ཆར་རྒྱུན། ། འཆད་པ་མེད་པའི་ཐབས་ཚུལ་ལྷུར་བཞེས་ཤིག ། ཁྱད་པར་བཤད་དང་སྒྲུབ་པའི་མཐུ་དམན་བཞིན། ། བསྟན་འཛིན་གྲལ་དུ་འཚང་བའི་ཕྲན་ཆུང་ངས། ། རེ་ལྟོས་འཆའ་བའི་ཡུལ་དེ་ཁྱོད་ལགས་པས། ། བརྩེ་གཟིགས་ལྷོད་མེད་ཞུ་དོན་གཙོ་བོ་ལགས། ། གུས་ཕྲན་བདག་གི་སྒོ་གསུམ་བགྱི་བ་གང་། ། བསྟན་པའི་ཞབས་འདེགས་མཆོག་ཏུ་འགྱུར་བ་དང་། ། འབྲེལ་ཐོགས་ཀུན་ཀྱང་སྲིད་ཞིའི་མཐའ་ཀུན་ལས། ། གྲོལ་བའི་སྐྱབས་ཀྱི་འཇུག་པའང་འདོར་མེད་འཚལ། ། རེབ་གོང་བོན་མང་ལའོ། །

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།