རེབ་གོང་བོན་མང་ལ་སྤྲིངས་པའི་འཕྲིན། ༼༢༽

 རེབ་གོང་བོན་མང་ལ་སྤྲིངས་པའི་འཕྲིན།
རྗེ་བཙུན་ཚུལ་ཁྲིམས་བསྟན་པའི་རྒྱལ་མཚན།

༄༅།། ཐོས་བསམ་སྒོམ་པའི་གྲུ་གཟིངས་ལ་བརྟེན་ནས། ། གསང་ཆེན་རྒྱུད་སྡེ་རྒྱ་མཚོའི་འཇིང་བརྒལ་ཏེ། ། སྐུ་བཞིའི་ནོར་བུའི་མཛོད་ལ་མངའ་བསྒྱུར་པ། ། རྡོ་རྗེ་འཛིན་པའི་དེད་དཔོན་ཚོགས་ཀྱི་དྲུང་། ། སྙན་སྙན་སྡེབས་ལེགས་ཚིག་གི་མདངས་བཀྲ་ཞིང་། ། མང་མང་མངོན་བརྗོད་གེ་སར་གཡུར་དུ་ཟ། ། ཟབ་ཟབ་དོན་གྱི་ཟིལ་དངར་འབུམ་འཛག་པའི། ། མཛེས་མཛེས་ཞུ་མཆིད་མེ་ཏོག་འདི་ལྟར་འཐོར། ། གསང་ཆེན་རྒྱུད་སྡེའི་མཁའ་ལ་མངོན་རྒྱུ་ཞིང་། ། རྡོ་རྗེའི་རྣལ་འབྱོར་ཟབ་མོའི་འོད་རྣོན་གྱིས། ། ཀུན་རྟོགས་སྤྲོས་པའི་མུན་ཚོགས་གཞོམ་མཛད་པ། ། བོན་མང་རིག་འཛིན་འདུས་པ་རྒྱ་མཚོའི་སྡེའི། ། ཕྲིན་ལས་མ་སྨད་རིན་ཆེན་གདུགས་དཀར་པོས། ། རྒུད་པའི་ཚ་གདུང་གཞིལ་དང་ཆབས་ཅིག་ཏུ། ། ཕན་བདེའི་གྲིབ་བསིལ་མཆོག་གི་དགའ་སྟོན་གྱིས། ། ཡིད་ཅན་རིས་སུ་མེད་པར་སྐྱོང་འདི་རྨད། ། རྒྱས་པར་བྱས་སོ་ཡིད་འཕྲོག་དྭངས་པའི་མཚོ། ། བདུད་རྩིའི་ཟེར་བརྒྱ་འགྱེད་པའི་ཟླ་བས་ཏེ། ། གྱེར་སྤུངས་ཚུལ་འཛིན་བདག་ཡིད་ཀུན་དགའི་དཔལ། ། གང་གི་ངོ་མཚར་གླེང་བའི་གཏམ་གྱིས་སོ། ། འདི་ན་ཚངས་སྤྱོད་སྤུ་སྡུག་གོས་གྱོན་པའི། ། གཤེན་གྱི་དགེ་སྦྱོངས་ར་ཛ་ཧཾ་ས་བདག ། ལེགས་བཤད་སྙན་པའི་མགྲིན་གླུ་འཁྲོལ་བཞིན་དུ། ། བོན་གྱི་སྡེ་ཆེན་འོ་མཚོར་བདེ་བར་གནས། ། སླད་ཀྱང་གཤེན་བསྟན་རང་ལུགས་ནོར་བུའི་གདུགས། ། མི་དམན་བཤད་སྒྲུབ་གསེར་གྱི་ཡུ་བ་ཡིས། ། འདེགས་པའི་ཐུགས་བསྐྱེད་གོ་ཆ་ལྷུར་བཞེས་ཏེ། ། ཕན་དང་བདེ་བའི་སྒོ་བརྒྱ་དབྱེ་བར་འཚལ། ། བདག་ཀྱང་འདི་ནས་བྱང་ཆུབ་སྙིང་པོའི་བར། ། ཚངས་སྤྱོད་བསླབ་གསུམ་ལྡན་པའི་རྟེན་བརྒྱུད་ཅིང་། ། འཆད་རྩོད་རྩོམ་པས་ལུས་མེད་ཐུལ་གྱི་བསྟན། ། འཛིན་ནུས་སྐྱབས་ཀྱི་འཇུག་པའང་མཁྱེན་ནོ་ཀྱེེ། ། དབྱངས་ཀྱི་རྒྱལ་མོའི་རྒྱུད་མངས་ལས་ཐོན་པའི། ། ལུས་སྲོག་རྒྱན་གྱི་ཉམས་རྫོགས་སྙན་ཚིག་གླུ། ། བྷ་གོ་ར་ཐའི་དག་བྱེད་རྒྱུན་བཟང་པོས། ། བདག་ཡིད་ཀུན་རྨོངས་དྲི་མ་འཁྲུད་པར་མཛོད། ། ནམ་ཞིག་གསེར་ཞལ་མཇལ་བའི་བསྐལ་བཟང་ལ། ། ལོངས་སུ་སྤྱོད་པར་མ་གྱུར་དེ་སྲིད་དུ། ། མཛའ་གཅུག་ཐུགས་ཀྱིས་གཡེལ་མེད་སྐྱོང་བ་ནི། ། སྐབས་འདིར་ཞུ་བའི་དོན་གྱི་གཙོ་བོ་ལགས། །

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།