སྤྲོ་སྐྱིད་ལྔ་ལྡན་གྱི་གླུ།

སྤྲོ་སྐྱིད་ལྔ་ལྡན་གྱི་གླུ།
བོན་བརྒྱ་གཡུང་དྲུང་ཕུན་ཚོགས།

དབྱིངས་སྤྲོས་བྲལ་འོག་མིན་བདེ་ཆེན་གྱི་ཕོ་བྲང༌།།
དཔལ་རྒྱལ་ཀུན་མེས་པོ་ཟག་མེད་ཀྱི་སྐུ་དང༌།།
དོན་རིས་སུ་མ་ཆད་བླ་མ་ཡི་ཞབས་རྡུལ།།
འབངས་བདག་གི་རལ་བའི་ཅོད་པན་དུ་མཆོད་ དོ།།

ལས་སྨོན་ལམ་བཟང་བོས་སྙིགས་མ་ཡི་དུས་འདིར།།
བོན་གསང་ཆེན་བླ་མེད་རྩེ་རྒྱལ་དང་མཇལ་ནས།།
དོན་ཉམས་སུ་ཕན་པའི་སྒྲུབ་ཚུགས་ལ་ཞུགས་པ།།
འདི་ཐུན་མོང་མ་ཡིན་ལས་སྐལ་དང་ལྡན་ནོ།།

གྲོགས་ཁྱད་གཉིས་ལེ་ལོ་རྣམ་གཡེང་ནི་ཞོག་ལ།།
ཉིན་མཚན་དུ་རྩ་རླུང་གཏུམ་མོ་ཡི་ཉམས་ལེན།།
ཐུན་རིམ་ཅན་ལུས་སྦྱོང་འཕྲུལ་འཁོར་དང་བཅས་པ།།
ཤུགས་བསྐྱེད་ལ་ལྷོད་མེད་བརྩོན་འགྲུས་ཀྱིས་སྒོམས་དང༌།།

རྩ་སུམ་བརྒྱ་དྲུག་ཅུ་སྤྲུལ་སྐུ་རུ་དག་ཅིང༌།།
རླུང་ཉི་ཁྲི་ཆིག་སྟོང་ལོངས་སྐུ་རུ་རྫོགས་ཏེ།།
སེམས་འཕོ་མེད་ཐིག་ལེ་བོན་སྐུ་རུ་སྨིན་ནས།།
ཆོས་ཟད་སར་སྐྱོལ་བའི་རྟེན་འབྲེལ་འདི་སྐྱེད་པ།།

ནང་ངར་འཛིན་ཨ་འཐས་རིག་སྟོང་དུ་རང་འབར།།
བར་དུག་ལྔའི་རྟོག་ཚོགས་ཡེ་ཤེས་སུ་རང་འབར།།
ཕྱི་དགྲ་རེག་སྣང་བ་བདེ་དྲོད་དུ་རང་འབར།།
རང་རྐྱང་གཅིག་ཐུབ་པའི་དྲོད་ཚད་འདི་སྐྱིད་པ།།

སྟེང་ཧ་ཡིག་ཟླ་གཞོན་ལྟེ་བ་ཡི་ཨ་ཐུང༌།།
ཟེར་རབ་འབར་མེ་ཡིས་བཞུས་པ་ཡི་རྒྱུན་གྱིས།།
གནས་ལྔ་ཡི་འཁོར་ལོ་གང་བ་དང་་ཅིག།
བཞི་ཟུང་ལྡན་དགའ་བའི་བད་སྟོང་འདི་སྐྱིད་པ།།

གཞི་ཀ་ནས་དག་པའི་རང་བྱུང་གི་ལྟ་བ།།
ལམ་རྟོག་བྲལ་དངོས་མེད་སྙིང་རྗེ་ཡི་རྩི་དང༌།།
འབྲས་ཟུང་འཇུག་དབྱེ་རུ་མེད་པ་ཡིས་ཟིན་ནས།།
དུས་ད་ལྟ་རྩོལ་བྲལ་སངས་རྒྱས་འདི་སྐྱིད་པ།།

དབུའི་གནག་སྣུམ་རལ་བ་ཐོར་ཅོག་ཏུ་བཅིངས་ཤིང༌།།
དབང་མདོག་གི་བུས་འཁྱུད་སྐེད་པ་རུ་དཀྲིས་ནས།།
ཨང་རེག་གི་འཕུར་མ་ཕྱོགས་ཀུན་ཏུ་གཡོ་བཞིན།།
གྲུབ་བརྒྱ་ཡི་གཤོག་པ་སྙོགས་པ་འདི་སྐྱིད་པ།།

སྐྱིད་དེ་ལྔ་འབད་མེད་རང་ཆས་སུ་བྱུང་ཚེ།།
ལུས་བྲོ་གར་འཁྲབ་ཅིང་གདུང་དབྱངས་ཀྱི་ངག་ནས།།
མགུར་ཐར་ཐོར་བཅོས་མིན་བྱུང་རྒྱལ་དུ་ཐལ་ལོ།།
སེམས་གདོད་མའི་རང་ཞལ་མྱུར་མྱུར་དུ་མཇལ་ཤོག།

༢༠༠༨ལོའི <<དཔྱོད་ལྡན་མཆོད་པའི་མེ་ཏོག >>སྟེང་བཀོད་ཡོད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།