དྲན་པའི་གདུངས་དབྱངས།

དྲན་པའི་གདུངས་དབྱངས།
བོན་བརྒྱ་གཡུང་དྲུང་ཕུན་ཚོགས།

ཕ་བླ་མ་རྒྱལ་བ་སྲས་བཅས་ཀྱི་སྤྱི་གཟུགས།།
བུའི་བདེ་ཆེན་འཁོར་ལོར་འབྲལ་མེད་དུ་བཞུགས་ལ།།
བློ་རྟག་འཛིན་རིང་བོ་མྱུར་མྱུར་དུ་ལྡོག་སྟེ།།
ལས་རྣམ་དཀར་འགྲུབ་པའི་བྱིན་རླབས་ཞིག་སྩོལ་ཅིག།

ཡར་བལྟས་པས་ནམ་མཁར་འོད་གསལ་གྱི་ཉི་མས།།
ཟེར་ལམ་ལམ་རྒྱལ་ཁམས་ཕྱོགས་མེད་དུ་བསྐྱངས་ནས།།
ནུབ་ཀླུ་དབང་ཆུ་ལྷའི་ཕང་བ་རུ་ཡིབས་ཐལ།།
དེ་མཐོང་བས་དྲིན་ཅན་བླ་མ་ཡི་ཐུགས་དབྱིངས།།

མཁྱེན་བརྩེ་བས་འབྲལ་མེད་སྐྱོང་ཚུལ་དེ་དྲན་བྱུང༌།།
ད་ཉམས་ཆུང་གེ་སར་པདྨ་པས་སྐྱིད་པའི་སྐྱིད་སྡུག།
མགོན་ཁྱེད་མིན་རེ་ས་གཞན་ན་རང་མི་འདུག།
སེམས་བསམ་གྱིན་བསམ་གྱིན་སྐྱོ་མོ་རུ་འདུག་གོ།

ཚུར་བལྟས་པས་ཆུ་འཛིན་འཐུག་པོ་ཡི་ཀློང་ན།།
སྒྲ་སྟོང་ལྡན་གཡུ་འབྲུག་ལྷང་ལྷང་དུ་ལྡིར་ནས།།
ཕྱོགས་གཞན་དུ་སོས་ཀའི་སྐྱིད་སྤྲོ་ལ་བཞུད་ཐལ།།
དེ་མཐོང་བས་དྲིན་ཆེན་བླ་མ་ཡི་གསུང་དབྱངས།།

བོན་མདོ་སྔགས་སྙན་འཇེབས་གནང་ཚུལ་དེ་དྲན་བྱུང༌།།
ང་ཉམས་ཆུང་མདོངས་ལྡན་རྨ་བྱ་ངའི་སྐྱིད་སྡུག།
མགོན་ཁྱེད་མིན་རེ་ས་གཞན་ན་རང་མི་འདུག།
སེམས་བསམ་གྱིན་བསམ་གྱིན་སྐྱོ་མོ་རུ་འདུག་གོ།

ཕར་བལྟས་པས་རི་བོ་རྨ་རྒྱལ་གྱི་གངས་རི།།
མདངས་གཞའ་ཚོན་སྣ་ལྔ་འབར་བཞིན་དུ་གསལ་ཡང༌།།
ཁོ་ཐུན་གསུམ་སྨག་ཆེན་མཚན་མོ་ཡིས་ནོན་ཐལ།།
དེ་མཐོང་བས་དྲིན་ཅན་བླ་མ་ཡི་སྐུ་གཟུགས།།

ཚུལ་རིགས་སྔགས་འཆང་བའི་བཞིན་རིས་དེ་དྲན་བྱུང༌།།
ད་ཉམ་ཆུང་མ་མེད་སེང་ཕྲུག་ངའི་སྐྱིད་སྡུག།
མགོན་ཁྱེད་མིན་རེ་ས་གཞན་ན་རང་མི་འདུག།
སེམས་བསམ་གྱིན་བསམ་གྱིན་སྐྱོ་མོ་རུ་འདུག་གོ།

བདག་རིང་ནས་བསགས་པའི་སྒྲིབ་པ་ཡི་དབང་གིས།།
སྐྱོན་བརྟག་སོགས་ཐུགས་དང་འགལ་བ་ཡི་ལས་དང༌།།
བཀའ་ཅི་བཞིན་མ་བསྒྲུབས་དཀོར་སོགས་ལ་འབག་པ།།
རྗེ་ཁྱེད་དྲུང་མཐོལ་ལོ་བརྩེ་ཆེན་གྱིས་སྐྱོངས་མཛོད།།

མཚན་བརྗོད་པར་དཀའ་བའི་བླ་མ་ཡི་ཐུགས་དབྱིངས།།
སེམས་གདུང་བའི་ཤུགས་ཀྱིས་སྐྱོ་གླུ་ཡིས་བསྐུལ་ལོ།།
དུས་ད་ལྟ་དག་པ་མཁའ་སྤྱོད་ཀྱི་ཞིང་ནས།།
འབངས་སྐལ་དམན་རྗེས་སུ་མི་འཛིན་ནམ་བླ་མ།།

ཁྱེད་གསལ་སྟོང་དགོངས་པ་མཁའ་ལྟར་དུ་ཁྱབ་ཀྱང༌།།
བདག་ལས་ཉོན་མ་རིག་བག་སྒྲིབ་ཀྱི་དབང་གིས།།
རྗེ་མངོན་ཞལ་མཇལ་བ་དཀའ་མོ་རང་འདུག་པས།།
ཉམས་རྨི་ལམ་ཙམ་དུ་མཇལ་བ་ཞིག་མཁྱེན་ནོ།།

དེ་ལྟར་དུ་རང་སེམས་ལྷ་ལམ་གྱི་ཀློང་དུ།།
སྲན་བཟོད་མེད་མྱ་ངན་མཁའ་གླང་ཆེར་དཀྲིགས་ཏེ།།
རང་དབང་མེད་ང་རོ་སྤྲིན་སྒྲ་དེ་ལྡིར་ཞིང༌།།
ཚིག་སྐྱོ་གླུ་ཆུ་ཡི་མེ་ཏོག་འདི་འཐོར་སོང༌།།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།