དྲང་ངེས་ཀྱི་བསླབ་བྱ།

དྲང་ངེས་ཀྱི་བསླབ་བྱ།
བོན་བརྒྱ་གཡུང་དྲུང་ཕུན་ཚོགས།

ཨེ་མ་ཧོ། དཔལ་རྒྱལ་བ་སྲས་དང་བཅས་པ་ཡི།།
སྐུ་སྒྱུ་མའི་གར་མཁན་བླ་མར་འདུད།།
བུས་འཆི་བ་སྙིང་ནས་དྲན་པ་དང༌།།
དོན་རང་རིག་རྟོགས་པར་བྱིན་གྱིས་རློབས།། 
རྟེན་དལ་འབྱོར་ཡང་ཡང་རྙེད་པར་དཀའ།།
རྙེད་ཙམ་དུ་འཇིག་སླ་ནམ་མཁའི་གློག།
ཚེ་ཕྱི་མའི་ངན་སོང་སྡུག་བསྔལ་ཆེ།།
རྒྱུ་དགེ་སྡིག་འབྲས་བུ་ཆུད་མི་ཟ།།
དོན་དེ་ཕྱིར་འགྲོ་ལ་སེམས་བསྐྱེད་དེ།།
མགོན་བསླུ་མེད་དཀོན་མཆོག་སྐྱབས་སུ་བརྟེན།།
སྐྱབས་ཀུན་འདུས་རྩ་བའི་བླ་མ་རྗེ།།
བསམ་སྦྱོར་བའི་སྒོ་ནས་ཚུལ་བཞིན་བརྟེན།།
དད་པ་དང་དམ་ཚིག་རྟེན་འབྲེལ་གནད།།
དད་དམ་གྱི་ཞིང་ས་བཟང་བོ་ལ།།
ཉམས་ལེན་གྱི་ས་བོན་འདེབས་ནུས་ན།།
སངས་རྒྱས་ཀྱི་འབྲས་བུ་མྱུར་དུ་སྨིན།།
ཞི་གནས་ཀྱི་སེམས་འཛིན་ཨ་གཏང་སོགས།།
སེམས་བརྟན་པ་མ་ཐོབ་བར་དུ་སྦྱོངས།།
མཐར་ཐུག་གི་བསྒོམ་མིན་སྤངས་པའི་རྒྱུ།།
མཉམ་བཞག་དེར་དྲོད་ཚད་རྒྱས་དུས་སུ།།
ལམ་རིམ་ལྟར་བོན་དང་གང་ཟག་གི།
བདག་མེད་གཉིས་རྩད་གཅོད་རྫོགས་ཆེན་ལྟར།།
ང་མེད་ལ་ང་རུ་འཛིན་པའི་སེམས།།
བྱུང་ས་དང་འགྲོ་ས་གནས་ས་གསུམ།།
ཁ་ཏོག་དང་གཟུགས་དབྱིབས་ལ་སོགས་པ།།
དཔྱད་པ་ཡིས་ཡང་ཡང་བརྟགས་པ་ན།།
དངོས་འཛིན་དང་བྲལ་བའི་སྟོང་བར་འཆར།།
ཕར་ལ་ཡང་བློས་བྱས་མ་ཡིན་པར།།
ཚུར་ཁོ་ཐག་ཆོད་པའི་སྟོང་བ་ཉིད།།
བློ་འདས་འདི་སྤྲོས་བྲལ་བོན་གྱི་སྐུ།།
རང་བཞིན་གྱི་དྭངས་ལོངས་སྤྱོད་རྫོགས།།
གང་ཤར་ཚད་རྟོག་པ་རང་གྲོལ་བ།།
འཛིན་མེད་འདི་སྤྲུལ་བའི་སྐུ་ཡིན་ནོ།།
འདི་ལྟར་གྱི་ཕྱི་རོལ་སྣང་བ་དང༌།།
འཁོར་འདས་ཀྱི་རེ་དོག་ཐམས་ཅད་ཀྱང༌།།
དགག་སྒྲུབ་དང་བླངས་དོར་བྲལ་བ་ཡི།།
ཕྱམ་བདལ་གྱི་སེམས་ཉིད་ཡན་པ་འདི།།
དྲན་རྒྱུན་གྱིས་སྐྱོངས་པ་རྫོགས་ཆེན་གནད།།
སྐྱོང་མཁན་ཡང་སྤྲུལ་གྱི་མདུད་པ་བཞིན།།
རང་གྲོལ་དུ་ཞི་ཡི་ངོ་བོར་བལྟ།།
བསྒོམ་རྒྱུ་དང་བསམ་རྒྱུ་སྤུ་ཙམ་མེད།།
སྐད་ཅིག་ལ་ཡེངས་སུ་མེད་པ་ཡི།།
ཐ་མལ་གྱི་ཤེས་རིག་རྗེན་པར་ཞོག།
གཞི་ཡེ་ནས་སྟོང་བས་རྟག་མཐའ་དང༌།།
འགག་མེད་ཀྱི་གསལ་ཆས་ཆད་མཐའ་གྲོལ།།
གནས་ལུགས་ཀྱི་ལྟ་བ་རྟོགས་འདོད་རྣམས།།
ཚོགས་གསོག་དང་སྒྲིབ་སྦྱོང་དད་མོས་ཀྱིས།།
ལམ་བླ་མའི་རྣལ་འབྱོར་གནད་འགྲོ་རེམས།།
དགོངས་བརྒྱུད་ཀྱི་རྟོགས་པ་འཕོས་པའི་ཚེ།།
རྣམ་གྲོལ་གྱི་ས་ལ་ཉམ་མི་ང༌།།
གླུ་དེ་ལྟར་བླངས་པའི་དགེ་བ་ཡིས།།
སྐལ་ལྡན་རྣམས་ཚེ་གཅིག་ལུས་གཅིག་ལ།།
ཟུང་འཇུག་གི་རྒྱལ་ཁབ་ཆེན་པོ་རུ།།
ཀུན་བཟང་གི་རང་ཞལ་མཇལ་བར་ཤོག།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།