མཚང་ལ་རྒོལ་བའི་གླུ།

མཚང་ལ་རྒོལ་བའི་གླུ།
དབྲ་སྟོན་ངག་དབང་བསྐལ་བཟང་བསྟན་པའི་རྒྱལ་མཚན།

མཚང་ངོ་གཏུག་བྱས་ན་བླ་མ་ཡིན།།
མཚང་གནད་ལ་ཕོག་ན་གདམས་ངག་ཡིན།།
གོང་རྒྱལ་བོ་རྣམས་ཀྱི་ཁྲམ་ཞིག་གཡོ།།
རྒྱལ་ཁྲིམས་ཀྱི་འགྲོ་ལུགས་གང་ན་འདུག།།
ཁ་བཟང་དེ་བཀའ་ཁྲིམས་གཞུང་ནས་བཤད།།
ཁོག་ངན་པ་འོག་མི་སྡེ་ལ་བསྐོར།།
བཙན་ཁ་དྲག་སུ་ཆེ་རྒྱལ་བོ་ཟེར།།
བཀའ་ཁྲིམས་ལུགས་ཕ་རིའི་རླུང་ལ་བསྐུར།།
སྡིག་མགོ་དེ་དབུ་མཐོ་རྒྱལ་བོ་རེད།།
ཁྲིམས་ཡོད་ཀྱི་རྒྱལ་བོ་མེད་ཆིས་རེད།།
གོང་རྒྱལ་བོར་དགོས་པ་སྡེ་འབངས་རེད།།
ཡུལ་སྡེ་ལ་བལྟ་རྟོག་ཨེ་མི་དགོས།།
ཡུལ་སྡེ་ལ་བལྟ་རྟོག་མ་དགོས་ན།།
ཁྲིམས་མེད་ཀྱི་རྒྱལ་བོ་མེད་ཀྱང་ཆོག།།

བར་བློན་པོ་རྣམས་ཀྱི་ཁྲམ་ཞིག་གཡོ།།
བློན་པོ་ཡི་འགྲོ་ལུགས་གང་ན་འདུག།
ཁ་བཟང་བོ་མྱི་ལ་ཕན་ཐོགས་བཤད།།
ཁོག་ངན་པ་ཟ་འདོད་མཐའ་ནས་བསྐོར།།
རྒྱུ་ཟ་ཐབས་སུ་མཁས་བློན་པོ་ཟེར།།
ལས་བདེན་རྫུན་ཕ་རིའི་རླུང་ལ་བསྐུར།།
ངན་དབང་ཡོད་སུ་ཆེ་བློན་པོ་བྱེད།།
ཕན་ཐོགས་ཀྱི་བློན་མེད་ཆིས་རེད།།
ཁོ་བློན་པོར་དགོས་པ་བདེན་རྫུན་རེད།།
བདེན་རྫུན་ལ་དཀར་ནག་ཨེ་མི་དགོས།།
བདེན་རྫུན་ལ་དཀར་ནག་མ་དགོས་ན།།
ཟ་འགྱང་གི་བློན་པོ་མེད་ཀྱང་ཆོག།

འོག་སྡེ་འབངས་རྣམས་ཀྱི་ཁྲམ་ཞིག་གཡོ།།
སྡེ་འབངས་ཀྱི་འགྲོ་ལུགས་གང་ན་འདུག།
ཁ་བཟང་བོ་ངོམ་ར་བྲ་གཏམ་བཤད།།
ཁོག་ངན་པ་ཕྱི་བླ་ནང་བཙོང་བྱེད།།
མགོ་བཀྲ་བླག་སུ་སྐྱེན་སྡེ་འབངས་ཟེར།།
ལས་རྟིང་མ་ཕ་རིའི་རླུང་ལ་བསྐུར།།
མྱི་ལས་རྒྱུ་སུ་མང་སྡེ་འབངས་བྱེད།།
མགོ་ཡོད་ཀྱི་སྡེ་འབངས་མེད་མཆིས་རེད།།
ཁོ་སྡེ་འབངས་དགོས་པ་རྒྱལ་བློན་རེད།།
རྒྱལ་བློན་ལ་ཞབས་ཕྱི་ཨེ་མི་དགོས།།
རྒྱལ་བློན་ལ་ཞབས་ཞུ་མ་འགྲུབ་ན།།
མགོ་བཙོང་གི་སྡེ་འབངས་མེད་ཀྱང་ཆོག།

ཕོ་མྱི་སྐྱ་རྣམས་ཀྱི་ཁྲམ་ཞིག་གཡོ།།
མྱི་སྐྱ་བོའི་འགྲོ་ལུགས་གང་ན་འདུག།
ཁ་བཟང་བོ་མནའ་རེ་གཏམ་རེ་བཤད།།
ཁོག་ངན་པ་གཅིག་མགོ་གཉིས་ཀྱིས་རྡུང་།།
ལས་མྱི་ཟས་སུ་རག་མི་སྐྱ་ཟེར།།
ཚེ་འདི་ཕྱི་ཕ་རིའི་རླུང་ལ་བསྐུར།།
མྱི་ཕོ་ཤེད་སུ་ཚ་མྱི་སྐྱ་བྱེད།།
གཏམ་ཡོད་པའི་མི་སྐྱ་མེད་ཆིས་རེད།།
ཕོ་མྱི་སྐྱར་དགོས་པ་མགོ་རྣ་རེད།།
མགོ་རྣ་ལ་བསམ་བློ་ཨི་མི་དགོས།།
མགོ་རྣ་ལ་བསམ་བློ་མི་དགོས་ན།།
ཁྲེལ་མེད་ཀྱི་མྱི་སྐྱ་མེད་ཀྱང་ཆོག།

མོ་བུད་མེད་རྣམས་ཀྱི་ཁྲམ་ཞིག་གཡོ།།
བུད་མེད་ཀྱི་འགྲོ་ལུགས་གང་ན་འདུག།
ཁ་བཟང་བོ་ཁ་དགའ་ངོ་དགའ་བཤད།།
ཁོག་ངན་པ་ཕོ་ཕྱོར་སུ་ཡོད་བསམ།།
གཟུགས་མཛེས་མཛེས་སུ་ཡོད་བུད་མེད་ཟེར།།
ཁྲེལ་ངོ་ཚ་ཕ་རིའི་རླུང་ལ་བསྐུར།།
ཁ་མགོ་གཡོགས་སུ་མཁས་བུད་མེད་བྱེད།།
དོན་ལོ་བའི་བུད་མེད་མེད་ཆིས་རེད།།
སྨན་བུད་མེད་དགོས་པ་ཚོ་བཟུང་རེད།།
རང་ཚོ་ལ་ལས་ཀ་ཨི་མི་དགོས།།
རང་ཚོ་ལས་ཀ་མི་དགོས་ན།།
མྱི་སྐོར་གྱི་བུད་མེད་ཀྱང་ཆོག།

སྟེང་བླ་མ་རྣམས་ཀྱི་ཁྲམ་ཞིག་གཡོ།།
བླ་མ་ཡི་འགྲོ་ལུགས་གང་ན་འདུག།
ཁ་བཟང་བོ་དཔེ་ཆ་གཞུང་ནས་བཤད།།
ཁོག་ངན་པ་རང་འདོད་རྒྱ་མ་བསམ།།
ལས་ཁ་ཐབས་སུ་མཁས་བླ་མ་ཟེར།།
ཆོས་བསྟན་པ་ཕ་རིའི་རླུང་ལ་བསྐུར།།
ཐོབ་ངན་དབང་སུ་ཆེ་བླ་མ་ཟེར།།
བསྟན་འཛིན་གྱི་བླ་མ་མེད་ཆིས་རེད།།
ཁོ་བླ་མར་དགོས་པ་བསྟན་པ་རེད།།
བསྟན་པ་ལ་ཐུགས་བསམ་ཨེ་མི་དགོས།།
བསྟན་པ་ཐུགས་བསམ་མི་དགོས་ན།།
བསྟན་བཤིགས་ཀྱི་བླ་མ་མེད་ཀྱང་ཆོག།

གྲྭ་སེར་མོ་རྣམས་ཀྱི་ཁྲམ་ཞིག་གཡོ།།
གྲྭ་སེར་མོའི་འགྲོ་ལུགས་གང་ན་འདུག།
ཁ་བཟང་བོ་བསྟན་ཆུས་དགོན་ཆུས་བཤད།།
ཁོག་ངན་པ་ཤ་ཆང་ནག་གསུམ་དྲན།།
མགོ་རིལ་རིལ་སུ་ཡོད་གྲྭ་བ་ཟེར།།
ཆོས་འདུལ་བ་ཕ་རིའི་རླུང་ལ་བསྐུར།།
ཁྱིམ་མྱི་ལྷག་སུ་ཡོད་གྲྭ་བ་བྱེད།།
གྲྭ་སེར་མོར་དགོས་པ་དགོན་པ་རེད།།
དགོན་ཚུགས་ལ་བསམ་མནོ་ཨེ་མི་དགོས།།
དགོན་ཚུགས་ལ་བསམ་མནོ་མི་དགོས་ན།།
རྡོ་བོ་ཡི་གྲྭ་སེར་མེད་ཀྱང་ཆོག།

ཟུར་ཨ་ནེ་ཇོ་མོའི་ཁྲམ་ཞིག་གཡོ།།
ཇོ་བཙུན་གྱི་འགྲོ་ལུགས་གང་ན་འདུག།
ཁ་བཟང་བོ་ཆས་གོས་ཆོས་གོས་བཤད།།
ཁོག་ངན་པ་ད་ད་དེ་དེ་བསམ།།
མགོ་ཡག་ཡག་སུ་ཡོད་ཇོ་བཙུན་ཟེར།།
ལུས་གཙང་བའི་ཇོ་བཙུན་མེད་མཆིས་རེད།།
ཁོ་ཇོ་བཙུན་དགོས་པ་སྡོམ་པ་རེད།།
སྡོམ་པ་ལ་བསམ་མནོ་ཨེ་མི་དགོས།།
སྡོམ་པ་བསམ་མནོ་མི་དགོས་ན།།
ས་བརྫད་ཀྱི་ཇོ་ངན་མེད་ཀྱང་ཆོག།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།