མཁའ་འགྲོ་ཅོ་ཟའི་མགུར་བཞུགས་སོ།།

མཁའ་འགྲོ་ཅོ་ཟའི་མགུར་བཞུགས་སོ།།
ཅོ་ཟ་བོན་མོ།

༄༅། ། ཡ་མཚར་ཆེ། ཉིན་དང་མཚན་མེད་བཞུགས་ཡུལ་ན། ། གཏན་དུ་གསལ་བའི་ཉི་མ་ཤར། ། དྲོ་ནི་བདལ་མོ་ངོས་ལ་དྲོ། །བོན་དང་སེམས་སུ་སྤྱོད་པའི་གཤེན་རབ་སྐུ་དྲིན་ཆེ། ། སེམས་ལ་སེམས་ཀྱིས་བལྟས་པས་རང་ལ་རང་དྲིན་ཆེ། ། འཁོར་བའི་གདོས་ཐག་མ་བཅད་ན། ། ངས་ཀྱང་ནུས་པ་མི་ཕྱིན་ནས། ། ཉོན་མོངས་སྡུག་བསྔལ་མ་སྙིལ་ན། ། ངས་ཀྱང་གནས་སུ་མ་ཕྱིན་ནས། ། རྒྱལ་པོ་བཙོན་དུ་མ་བཟུང་ན། ། ངས་ཀྱང་རྨངས་སུ་མི་ཐུལ་ནས། ། ལྟ་བ་རྫོགས་ཆེན་སྐུ་མཁར་ལ། ། ལུང་དྲུག་འདྷ་འུག་ཤར་གྱིས་གཏོད། ། མན་ངག་བརྒྱད་ཀྱི་བ་གམ་བཏག ། སེམས་ཉིད་གསལ་བའི་གཞུ་བརྡུང་ནས། ། ཡིག་ཆུང་བཞིའི་མདའ་ལྟོངས་ནས། ། དུག་ལྔའི་ཤིང་ཕུང་ཟངས་བཏོན་ནས། ། འགྲོ་དྲུག་འཁོར་བའི་མི་དྲུག་དང་། ། འཁྲུག་པ་འགྲན་ཟླ་མེད་པར་རྒྱལ། ། ཆགས་སྡང་དགྲ་གཉིས་མ་བསད་ན། ། སེམས་ཀྱི་བུ་གཅེས་ཡན་དབང་མེད། ། དུག་གསུམ་ཆུ་བོ་མ་བཅད་ན། ། ཡེ་ཤེས་མེ་ལ་འབར་དབང་མེད། ། འཁོར་བའི་དགྲ་ཚོགས་མ་བསྲུབས་ན། ། བདེ་བའི་རྟ་ལ་རྒྱུག་དབང་མེད། ། བུ་གཉེན་གྲོགས་དང་མ་བྲལ་ན། ། རང་སེམས་བྱ་རྒོད་འཕུར་དབང་མེད། ། རྣམ་རྟོག་སྡོང་བོ་མ་བཅད་ན། ། འཁོར་བའི་ལོ་འདབ་རྒྱས་པར་མཆིས། ། དུག་ལྔ་དགྲ་དང་མ་བྲལ་ན། ། འཁོར་མོ་ཁུང་དུ་ཁྲིད་པར་འཆི། ། གཟུགས་ཕུང་རེ་རུལ་མ་བཤིག་ན། ། ཉོན་མོངས་སྐུངས་ས་བཅས་པར་འཆིའོ། ། ཡེ་ཤེས་མེ་མར་མ་བཏངས་ན། ། མ་རིག་མུན་པ་སྲོས་པར་འཆིའོ། ། ལྟ་བ་རྫོགས་ཆེན་མཁར་ཡོད་པས། ། ཉོན་མོངས་རྨག་གིས་ང་མི་འཇིགས། ། མི་འགྱུར་བརྟན་པའི་གོ་ཡོད་པས། ། དུག་ལྔའི་མཚོན་གྱིས་ང་མི་འཇིགས། ། ཡེ་ཤེས་སེམས་དཔའི་གྲོགས་ཡོད་པས། ། གྲོགས་དང་བྲལ་བས་ང་མི་འཇིགས། ། སེམས་ལ་སྤྱོད་པའི་རྫས་ཡོད་པས། །རྫས་དང་བྲལ་བས་ང་མི་འཇིགས། ། ཐམས་ཅད་བྲལ་བས་བདེ་བའི་མཆོག ། ཡོངས་དང་བྲལ་བའི་བདེ་བའི་མཆོག ། གཅིག་པུར་གནས་པའི་བདེ་བའི་མཆོག ། འཁོར་དང་ལྡན་པས་བདེ་བའི་མཆོག ། སེམས་དང་བོན་དུ་སྤྱོད་པའི་གཤེན་རབ་དྲིན་པོ་ཆེ། ། འཁོར་བའི་འདམ་ནས་སྒྲོལ་བའི་གཤེན་རབ་དྲིན་པོ་ཆེ། ། ཉོན་མོངས་རྒྱ་མཚོ་སྐེམ་པའི་གཤེན་རབ་དྲིན་པོ་ཆེ། ། སངས་རྒྱས་སེམས་སུ་སྟོན་པའི་གཤེན་རབ་དྲིན་པོ་ཆེ། ། རང་སེམས་རང་གིས་རྟོགས་པའི་ཅོ་ཟ་བོན་གཅིག་མ། ། ལྟས་མོ་སེམས་ལ་ལྟ་བའི་ཅོ་ཟ་བོན་གཅིག་མ། ། གཏན་གྲོགས་སེམས་ལ་ཚོལ་བའི་ཅོ་ཟ་བོན་གཅིག་མ། ། ལོངས་སྤྱོད་སེམས་ལ་འགྱེད་པའི་ཅོ་ཟ་བོན་གཅིག་མ། ། ང་ཡི་ལྟ་བ་ནམ་མཁའ་འདྲ།  ང་ཡི་སྤྱོད་པ་ས་གཞི་འདྲ། ། ང་ཡི་བསྒོམ་པ་ཞུགས་མར་འདྲ། ། ང་ཡི་མན་ངག་བདུད་རྩི་འདྲ། ། འཁོར་བའི་སེམས་ཅན་ཉོན་མོངས་ཀུན། ། རྗེ་དཔོན་འདོད་ན་ཡི་དམ་ལྷ། ། གཏན་གྲོགས་འདོད་ན་རང་གི་སེམས། ། བྲན་གཡོག་འདོད་ན་བསྟན་སྲུང་ཚོགས། ། ལོངས་སྤྱོད་འདོད་ན་བོན་གྱི་དབྱིངས། ། ལྟ་ན་རང་གི་སེམས་ལ་ལྟོས། ། མཆོད་ན་བདེ་གཤེགས་རིགས་ལ་མཆོད། ། སྒོམ་ན་མི་རྟོག་ཤེས་རབ་བསྒོམ། ། འདུག་ན་དགོན་པའི་གནས་སུ་འདུག །

ཅེས་ཅོ་ཟ་བོན་མོས་ཧས་པོ་རིའི་རྩེ་ལ་མགུར་བཞེངས་པའོ།། དེ་ནས་བསྒོམ་པ་ཀློང་དུ་གྱུར་ནས་སངས་རྒྱས་སོ།། རྫོགས་སོ།། དགེ་ལེགས་འཕེལ། བཀྲ་ཤིས་སོ།།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།