ཤིས་ཚིག་གསེར་གྱི་སྙེ་མ།

རྩོམ་པ་པོ། རིག་པའི་ཁུ་བྱུག རྩོམ་ཁུངས། རེབ་གོང་བོན་མང་དྲ་ཚིགས།

ལུགས་གཉིས་བ་གམ་མངོན་མཐོ་བ།།
ཕྱོགས་ལས་རྣམ་རྒྱལ་ཁང་བཟང་རྩེར།།
གཤེན་བསྟན་རྒྱལ་མཚན་ངོ་མཚར་དཔལ།།
བསྒྲེངས་མཛད་སྣང་སྟོན་ཡོངས་ལ་འདུད།།

ཏིང་འཛིན་ཟས་མཆོག་རོལ་བ་ལ།།
ཆེར་བསྔགས་རྨ་རི་དེའུ་གསུམ་ཞེས།།
གྲགས་པ་འབར་བའི་ཡུལ་མཆོག་ལས།།
རིང་ནས་གཏམ་སྙན་འདི་སྐད་ཐོས།།

ཞིང་དེར་ཐུན་མཚམས་གསར་བ་ཡི།།
གོས་ཀྱི་དྲ་བས་ཉེར་སྤུད་པ།།
སྡོམ་བརྩོན་སྟོང་ཕྲག་གཟི་བརྗིད་ཀྱིས།།
མཐའ་མེད་འཇིག་རྟེན་དོག་པར་བྱས།།

མདོ་སྔགས་སེམས་སྡེ་གངས་སུལ་ཁྲོད།།
མཁྱེན་དཔྱོད་གཡུ་རལ་ཅོད་པན་ཅན།།
ལུང་རིགས་མཆེ་སྡེར་བགྲད་པ་ཡི།།
བཤེས་གཉེན་སེང་ཆེན་དར་མ་མང་།།

མི་ཤེས་རྨོངས་པའི་ཆུ་འཛིན་རྒྱ།།
རྣམ་དཔྱོད་གློག་གིས་ཀུན་གཏོར་ནས།།
སྤྲིན་གྱི་མེ་ཏོག་ཐོར་བ་ན།།
དད་ལྡན་པད་དཀར་བཞད་མཐའ་བྲལ།།

ཐུན་མཚམས་གསར་བའི་བླ་གོས་ཅན།།
ལི་ཁྲི་རྡུལ་ཕྲེང་སྤུངས་པ་ན།།
ལེགས་བཤད་བསུང་ངད་འཐུལ་བའི་དཔལ།།
སྙན་པ་དྲི་བཞོན་བུ་མོས་འཕྲོག།

མཁྱེན་དཔྱོད་གནམ་རུའི་ལྟོང་སྦྱར་བ།།
རྩོད་ངག་སུན་འབྱིན་ཉག་ཕྲན་གྱིས།།
རྒོལ་ངན་དཔུང་ཚོགས་སྔངས་མཛད་པ།།
ལུང་རིགས་རྩལ་རྒུ་འཛོམས་པའི་སྡེ།།

གངས་ལ་སེང་ཆེན་འགྱིང་བ་འདྲའི།།
གྲྭ་ས་ཡ་བཞིའི་སྙན་གྲགས་དཔུང་།།
སྡེ་སྣོད་འཛིན་པའི་བཤད་སྒྲུབ་གླིང་།།
རྒྱལ་བ་སྲས་ཀྱིས་དབང་ཡང་བྱིན།།

སྤྱི་རྒྱ་རླབས་ཀྱིས་གཅོད་པ་ཅན།།
རིག་པའི་ཁྱུང་ཆེན་འཕྱོ་བ་ན།།
སྨྲ་ངན་མཚན་རྒྱུ་སྙིང་འདར་ནས།།
སྡོང་ལོ་ས་ལ་བྲུལ་བ་འདྲ།།

ས་ཆེན་མཛེས་བྱེད་ཛ་ཏིའི་ཚལ།།
ཕྱོགས་ཀྱི་བུ་མོས་བསྔགས་བརྗོད་དབྱངས།།
ཉི་ཟླའི་འོད་རླབས་ཚུར་འཕྲོས་པས།།
ཁྱོད་ཀྱི་ཆེ་བ་སྲིད་མཐར་ཁྱབ།།

ལུང་ཟིན་རིག་འཛིན་གདན་ས་ཆེར།།
རིགས་ཀྱི་མྱུ་གུ་ལང་ཚོའི་སྡེས།།
མྱ་ངན་ཆེ་བའི་སྙིགས་དུས་འདི།།
རྫོགས་ལྡན་གསར་བའི་དཔལ་ལ་སྦྱར།།

ཐོས་བསམ་འཆད་རྩོད་འཁོར་ལོ་ཡིས།།
མ་བསྒྱུར་ཤེས་བྱའི་གནས་མ་དམིགས།།
རང་གཞུང་ཁྲོན་པར་སྐད་འབྱིན་པས།།
རྒོལ་གླགས་འཚོལ་བ་ངལ་བའི་རྒྱུ།།

བརྒྱད་ཁྲི་བཞི་སྟོང་དཀྱིལ་འཁོར་ངོས།།
ཐོས་བསམ་གཤོག་རླབས་གཅིག་གིས་གཞལ།།
ཞང་བོད་ལོ་པཎ་ངོ་མཚར་བས།།
ཉི་ཟླ་སྐར་ཚོགས་བརྫུས་ནས་ལྟ།།

འཛིན་སྐྱོང་སྤེལ་བའི་ཕྲིན་ལས་དཔལ།།
བརྗོད་པར་ལྕེ་རྡུལ་ཆ་རེ་རེར།།
འབུམ་ཁྲི་གློག་གི་ལྕེ་ཅན་མཆོག།
བྱེ་བ་དྲངས་ཀྱང་བརྗོད་མི་དཔོག།

གུར་ཀུམ་གསར་བའི་མདངས་འཛིན་པ།།
ལི་ཁྲིའི་རྒྱ་མཚོ་འཕྱུར་ལ་ལྟ།།
རིས་སུ་མ་ལྷུང་འཆད་རྩོད་ཀྱིས།།
གཡས་རུའི་གདན་སར་ཡང་དག་ལོངས།།

རྒྱལ་བསྟན་སྲོག་ཤིང་ཉག་ཕྲ་སྐབས།།
བཤད་སྒྲུབ་ཆུ་ཀླུང་རབ་བརྡོལ་བས།།
ལུང་རྟོགས་ལྗོན་བཟང་མཁའ་མཉམ་ཞེས།།
བརྡ་རུ་སྤྲིན་གྱི་མེ་ཏོག་ཐོར།།

ཨེ་མ་བཤད་སྒྲུབ་འདུས་སྡེ་མཆོག།
རྟེན་ལ་ཚུལ་གོས་འཇའ་ཚོན་བཀྲ།
མགྲིན་པར་འཕྲུལ་ངག་བོན་དབྱངས་སྙན།།
ཐུགས་ལ་བསླབ་གསུམ་ནོར་བུས་གཏམས།།

རྒྱན་དྲུག་མཁས་བཞིའི་ལམ་སྲོལ་ལ།།
འདེགས་འཇོག་ཆེར་སྤོབས་དཔའ་བོའི་ཁྱུ།།
གྲགས་པས་མཁའ་ཡི་མུ་མཐར་གཞལ།།
སྡེ་ཁྱོད་བསྔགས་པའི་གནས་སུ་མཐོ།།

གཞུང་བརྒྱ་ཙན་དན་དགའ་ཚལ་ན།།
དཔྱོད་ལྡན་དཔྱིད་ཀྱི་ཕོ་ཉ་ཡིས།།
ལེགས་བཤད་མགྲིན་དབྱངས་སྒྲོག་པའི་གླུས།།
ཚངས་སྲས་བུ་མོ་སྐྱེངས་པ་སྟེར །།

གདན་ས་ཆེན་པོའི་མཁའ་དབྱིངས་ནས།།
མདོ་སྔགས་ཉི་ཟླའི་དཀྱིལ་འཁོར་འོད།།
འགོག་མེད་འཆར་བ་གཟི་བྱིན་གྱིས།།
རྒུད་མུན་མིང་ལྷག་ཡོད་མིན་དྭོགས།།

ལྔ་རིག་ཉི་ཟླའི་ཅོད་པན་འོད།།
ཕྱོགས་ནས་ཕྱོགས་ཀུན་སྤྲོས་པ་ན།།
རྒོལ་ངན་མཚན་རྒྱུ་སྐབས་བྲལ་ནས།།
ཡིད་མུག་གབ་སའི་ཁུངས་མ་རྙེད།།

བསྟན་ལ་མཛད་རྗེས་དཔོག་མིན་པས།།
གྲགས་པ་དཀར་པོའི་མཚན་སྙན་ནི།།
དུས་ཀྱི་མཐར་ཡང་མི་ཉམས་ཞེས།།
ཉི་ཟླ་གླིང་བཞིར་རྒྱུ་འདིས་མཚོན།།

དགག་སྒྲུབ་སྣ་ཞགས་རབ་བརྐྱངས་ནས།།
དྲེགས་ལྡན་འདམ་ལྟར་བརྫིས་པ་ན།།
གཞན་སྡེ་དཔུང་མང་ཚལ་ཆེན་པོ།།
རྐང་རྩ་འདར་བའི་མཐའ་མ་རེག།

སྙན་པ་ཕྱོགས་ཀྱི་བུ་མོས་སྒྲོག།
འཛིན་མས་མ་ཐེག་ལྟོ་བ་ནས།།
རྒྱ་མཚོ་འཕྱུར་དང་རླབས་ཀྱིས་གཡོ།།
ཕས་རྒོལ་ཆུ་ཀླུང་བརྫུས་ནས་བྲོས།།

ཤེས་བྱའི་དཀྱིལ་འཁོར་མཁའ་དབྱིངས་ནས།།
ལུང་རིགས་གནམ་ལྕགས་ཟིལ་ཤུགས་ཀྱིས།།
ལོག་རྟོག་བྲག་རི་གཞོམ་བྱས་པའི།།
རྒྱལ་རྔ་སྒྲ་རྒྱལ་ཟོལ་དུ་གྲག།

རྡོ་རྗེ་མཇུག་མར་གདོང་ལྔའི་མཚན།།
རབ་བཏགས་ཆགས་སྡང་ར་བ་ལས།
དོན་གྱི་རིག་པ་འབྱུང་བའི་ཞིང་།།
འདུས་སྡེ་འདི་ལས་གཞན་ན་གང་།།

ངག་དབང་ལྷ་མོ་རྩེ་དགའི་ངང་།།
མགྲིན་རོལ་ཡིད་ལ་དམ་འཁྱུད་པས།།
འཆད་རྩོད་རྩོམ་ལ་དབང་འབྱོར་བས།།
ཟླ་བོར་རྙེད་པ་མོ་གཤམ་བུ།།

བཤད་སྒྲུབ་དཔག་བསམ་རྩེ་མཐོ་ཅན།།
གཡོ་བས་གཤེན་བསྟན་རྒྱལ་མཚན་ཉིད།།
མཁའ་ལ་འཕྱར་འདི་མཆོད་སྡོང་ཆེར།།
ལྷ་ཡིས་དབྱར་རྔའི་ཟོལ་དུ་བསྒྲགས།།

ལུང་གི་ཀ་བ་བསྒྲེངས་པའི་མགུལ།།
རིགས་ལམ་ཕུར་མ་མཛེས་པར་གཡོ།།
འཁོར་ལོ་གསུམ་གྱི་རིན་ཆེན་ནོར།།
རྩེ་ལ་བཀོད་པས་རྣམ་པར་རྒྱལ།།

བརྗོད་འདས་ངོ་མཚར་འདུས་སྡེ་དཔལ།།
ཡིད་རབ་འཕྲོག་པ་དད་པའི་མདངས།།
ཟླ་བ་བྱེ་བའི་མཚོན་མིན་པ།།
སྤྲིངས་ཡིག་ཁ་བའི་མེ་ཏོག་ཐོར།།

མཚན་ཙམ་བསྟོད་པའི་བསོད་ནམས་ཆར།།
རྒྱལ་བས་དབྱིངས་ནས་གནང་མིན་ན།།
ཀུན་གཞི་ཞིང་སར་བསྟོད་པའི་ཚིག།
གསེར་གྱི་སྙེ་མ་གཡོ་འདི་ཅི།།

བདག་གི་ངག་རིག་གླིང་བུའི་སྦུབས།།
ཁབ་མིག་ལས་ཀྱང་ན་ཕྲ་ཡང་།།
དགའ་སྤྲོའི་ ་་སོར་འདབ་རླུང་ཤུགས་ཀྱིས།།
ཀོ་ཀི་ལ་ཡི་དབྱངས་ལ་བསྡེབས།།

རྒྱལ་ཁམས་འདི་ན་འདྲེན་སྟོན་ཆེ།།
མཁའ་མཉམ་བླ་མ་བོན་བརྒྱ་བའི།།
ཞབས་རྡུལ་སྤྱི་བོའི་ ་རྒྱན་ཐོབ་པ།།
ཡུ་ནེ་མིང་དེས་གུས་པས་ཕུལ།།

ཞེས་ནང་བསྟན་གྱི་ཐོག་མ་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་སྒོ་ནས་བཀའ་དྲིན་བླ་ན་མ་མཆིས་པའི་སྣང་ཞིག་ཕྱོགས་ལས་རྣམ་རྒྱལ་གླིང་གི་རྩོད་གྲྭ་ཆེན་པོ་བཤད་སྒྲུབ་སློབ་གླིང་བཙུགས་ནས་ལོ་འཁོར་བརྒྱ་ལོན་སྐབས་དགའ་དད་སྤྲོ་གསུམ་ངང་བསྙེན་སྒྲུབ་ཀྱི་ཐུན་མཚམས་རེ་འགའི་ཁྲོད་བྲིས་ནས་ཕུལ་བ་དགེ་གྱུར་ཅིག།༢༠༡༨.༤.༨

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།