བོད་ལྕགས་བྱི་ལོའི་ ་ལོ་གསར་ཤིས་ཚིག

རྩོམ་པ་པོ། གྱེར་སྔགས་གཡུང་དྲུང་ཚེ་རིང་། རྩོམ་ཁུངས། རེབ་གོང་བོན་མང་དྲ་བ།

རྣམ་འདྲེན་རྒྱལ་བའི་དབང་པོ་རྫོགས་སངས་རྒྱས།།
རྣམ་དག་གྲུབ་དབང་ཁྱུང་དཀར་ཚངས་བའི་དཔལ།།
རྣམ་མཁྱེན་གྲུབ་བརྒྱུད་མུ་ཏིག་རྩར་བརྒྱུས་སོགས།།
རྣམ་གྲོལ་གྲུབ་སྔགས་ཚོགས་ཀྱིས་དགེ་ལེགས་སྩོལ།།

རྒྱལ་བསྟན་དབྱར་སྐྱེས་རྔ་གསེང་འགག་མེད་ལྡིར།།
རྒྱལ་ཚབ་བླ་མའི་མཛད་འཕྲིན་ཕྱོགས་བཅུར་མཆེད།།
རྒྱལ་གཤེན་སྒྲུབ་བརྒྱུད་ཡར་ཟླའི་དཔལ་ལ་འགྲན།།
རྒྱལ་བསྟན་དར་རྒྱས་ཡིད་སྨོན་འགྲུབ་པར་མཛོད།།

གསང་སྔགས་རྒྱལ་མཚན་བསྟན་པའི་ཏོག་དུ་འཚེར།།
གསང་གསུམ་མཛོད་འཛིན་གོས་དཀར་ལྕང་ལོ་འཛིན།།
གསང་སྔགས་ཐོག་མདའི་གེ་ཤན་མ་ལུས་གཞོམ།།
གསང་ཆེན་བསྟན་པའི་འགྲོ་ཀུན་བདེར་འགོད་ཤོག།

གྲུབ་རིགས་བྱེ་བ་ཕྲག་བརྒྱ་བྱོན་པས་གནས།།
གྲུབ་པས་རྟགས་མཚན་མངོན་སུམ་གསལ་མཛད་པ།།
གྲུབ་སྔགས་ནུས་པས་མེ་དཔུང་རབ་འབར་ཏེ།།
གྲུབ་ཐོབ་གོང་མའི་བསྟན་སྲིད་ནུབ་མེད་ཤོག།

མི་འདོད་འཇིགས་བརྒྱད་འབྱུང་བཞིའི་འཁྲུགས་པ་ཞི།།
མི་མཐུན་ཉེར་འཚེ་བོན་ཉིད་དབྱིངས་སུ་དེངས།།
མི་ཁོམ་གནས་བརྒྱད་དག་པས་ངོ་བོར་བསྒྱུར།།
མི་ཡུལ་རྫོགས་ལྡན་དཔལ་ལ་ལོངས་སྤྱོད་ཤོག།

སྐྱབས་གནས་རྩ་གསུམ་སྲུང་མའི་བདེན་མཐུ་ཡིས།།
སྐྱབས་ཡུལ་འགོག་ལམ་གཉིས་བསྡུས་གཡུང་དྲུང་བོན།།
སྐྱབས་མཆོག་ཐུགས་རྗེའི་གཟི་བྱིན་རབ་རྒྱས་ནས།།
སྐྱབས་གནས་གཡུང་དྲུང་བོན་བསྟན་དར་གྱུར་ཅིག།

བཀྲ་ཤིས་ཕྱྭ་གཡང་མ་ཉམས་བྱུར་བུར་གཏམས།།
བཀྲ་ཤིས་དངོས་གྲུབ་འགྲོ་བའི་དཔལ་དུ་འཇོ།།
བཀྲ་ཤིས་དོན་ཀུན་ལྷུན་གྲུབ་ལྕགས་བྱི་ལོར།།
བཀྲ་ཤིས་བདེ་ལེགས་སྐལ་བཟང་ལོ་ཡག་ཤོག།

རྩོམ་སྒྲིག་པ། རེབ་སྐྱིད་ཡར་འཕེལ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།