ཀ་རྩོམ་ཕྱོགས་འཛིན་མུན་པ་འཇོམས་པའི་ཉི་སྣང་།

ཀ་རྩོམ་ཕྱོགས་འཛིན་མུན་པ་འཇོམས་པའི་ཉི་སྣང་།
བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ།

ཀ་ཡེ་གྲོགས་རྣམས་རྒྱལ་བའི་བཀའ་ལ་གཟིགས། །
ཁ་བ་ཅན་འདིར་ལོ་རྒྱུས་མཁས་འདོད་ན། །
ག་ནས་བཞུགས་ཀྱང་ཕན་ཚུན་འགལ་བ་སྤོངས། །
ང་དང་ཁྱོད་བཅས་ཕྱོགས་རིས་ངར་འཛིན་ཐུགས། ། 
ཅ་ཅོའི་འཆལ་གཏམ་རི་བོང་ཅལ་སྒྲས་བསླུ། །
ཆ་ལུགས་གོས་ཀྱིས་དབྱེ་བ་ཆོས་ལུགས་མིན། །
ཇ་ཆང་ཟ་ཁ་རྩོད་པ་འཇབ་བུའི་ལུགས། །
ཉ་ལུགས་ཤ་ལ་སྲེད་ན་ཉེས་པ་ཆེ། །
ཏ་ཐ་ག་དའི་ཡང་དག་བསྟན་པ་འདི། །
ཐ་མལ་ཆགས་སྡང་མ་ཡིན་ཐེག་པ་གསུམ། །
ད་ལྟའི་རྒྱུད་ལ་སྦྱར་ན་དེ་ཡིན་སྙམ། །
ན་འཆི་བྱུང་ཡང་གཞན་ལ་གནོད་སེམས་སྤོངས། །
པ་སངས་ལྟར་དཀར་རྒྱལ་སྲས་དཔའ་བོའི་ཐུགས། །
ཕ་མར་གྱུར་བའི་འགྲོ་ལ་ཕན་སེམས་ཡིན། །
བ་ལང་གིས་ཀྱང་ཆགས་སྡང་བྱེད་ཤེས་པས། །
མ་རབས་བསམ་ངན་སྡང་བ་དམན་པའི་སྤྱོད། །
ཙ་ཀྲ་རྣོན་པོ་ཕྱར་བའི་རྩེད་འཇོ་འདི། །
ཚ་གྲང་དམྱལ་བ་ཉོ་བའི་ཚོང་རྫས་བཞིན། །
ཛཱ་ཡ་གོང་མའི་ཐུགས་ཁྲེལ་མཛད་པའི་རྒྱུ། །
ཝ་སྐྱེས་གསོད་པའི་རྔོན་པར་ཝ་ལེར་མཚུངས། །
ཞྭ་གོས་མདངས་ཀྱིས་རང་དང་གཞན་ཕྱོགས་དབྱེ། །
ཟ་ཁ་དབང་ཐང་ཆེ་ཆུང་བཟང་ངན་འབྱེད། །
འ་འུར་འབར་བའི་མེ་ལ་འོད་དགའ་བཞིན། །
ཡ་མ་བརླ་ཡི་ངང་ནས་གཡེང་བ་རྣམས། །
ར་ལུག་བ་ལང་དུད་འགྲོའི་རང་བཞིན་མཚུངས། །
ལ་རྒྱ་འཛིན་ན་སྔོན་ཐོན་ལད་མོ་གྱིས། །
ཤ་ཚའི་གཏམ་ལ་མི་ཉན་གཤེ་བ་སུ། །
ས་སྟེང་མི་རྣམས་སྤུན་ཟླར་བསམ་ན་ལེགས། །
ཧ་ཧ་བཞད་གད་སློང་བཞིན་ཧུར་ཐག་ཅན། །
ཨ་མདོ་རེབ་གོང་ཕྱོགས་ཀྱི་ཨ་མིང་བས། །
རི་ཁུལ་རྩེ་མོའི་འབྲོག་སྡེའི་རུ་ཁྱིམ་ནས། །
ཡིད་ལ་འགྱུ་བའི་རེ་བ་ཡོངས་སུ་སྨྲ། །
ཞེས་པའང་གཉིད་ཀྱི་རྣལ་འབྱོར་གྱི་ཐུན་མཚམས་སུ་ཤར་མར་བྲིས་པའོ།།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།