ལྟ་མགུར་སྤྲོ་དགའི་གླུ་དབྱངས་བཞུགས་སོ།།

ལྟ་མགུར་སྤྲོ་དགའི་གླུ་དབྱངས་བཞུགས་སོ།།
བོན་བརྒྱ་རང་ཤར་རིག་གྲོལ།

༄༅། ། ཨེ་མ་ཧོ། རང་རིག་ངོ་བོ་སྟོང་བ་བོན་སྐུའི་དབྱིངས། །
རང་མདངས་འགག་མེད་སྣང་གསལ་ལོངས་སྤྱོད་རྫོགས། །
རང་རྩལ་སྣ་ཚོགས་སྐྱེ་གྲོལ་སྤྲུལ་བའི་སྐུ། །
རང་སེམས་ཐིག་ལེ་ཉག་གཅིག་བླ་མར་འདུད། །
མཚན་ལྡན་རྩ་བའི་བླ་མའི་བཀའ་དྲིན་གྱིས། །
མཚན་བཅས་སྣང་གྲགས་དྲན་རྟོག་བདེ་སྡུག་ཀུན། །
མཚན་མེད་བོན་ཉིད་དབྱིངས་སུ་རང་གྲོལ་བའི།།
མཚན་ཉིད་རང་ཤར་ཚད་གླུ་རུ་ལེན། །
རང་སེམས་སངས་རྒྱས་ཞེས་པའི་སྒྲ་ཆེན་པོའི། །
རང་བཞིནགཤིས་ཀྱི་གནས་ལུགས་བཙལ་བའི་ཚེ། །
བྱུང་གནས་འགྲོ་གསུམ་གང་གི་ངོས་ནས་སྟོང་། །
སྟོང་བའི་ངང་ནས་དྲན་རིག་སྣ་ཚོགས་སྣང་། །
སྣང་སྟོང་ཟུང་འཇུག་ལྟ་བའི་གླུ་དབྱངས་འདི། །
འདི་ཕྱི་གཏན་གྱི་རྩ་བའི་བླ་མར་འབུལ། །
གདོད་མའི་གཤིས་ལུགས་མ་བཅོས་ཡེ་ནས་དག །
རྣམ་རྟོག་འགྱུ་དྲན་གང་ཤར་རང་གྲོལ་བའི། །
དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་རྩལ། །
སྣང་སྲིད་འཁོར་འདས་མེ་ལོང་གཟུགས་བརྙན་བཞིན། །
ལྟར་སྣང་ཙམ་དེ་རང་བཞིན་མེད་པ་མཚར། །
རིག་པའི་སྙིང་བོ་སྐྱེ་མེད་མ་ཡི་དབྱིངས། །
འགག་པ་མེད་པར་ཅི་ཤར་བུ་ཡི་མདངས། །
མ་བུ་དབྱེར་མེད་ལྷུག་པར་འདྲེས་པ་ཡི། །
རིག་སྟོང་རྗེན་པ་ཐིག་ལེ་ཉག་གཅིག་དེའི། །
ངོ་བོ་སྟོང་ཞིང་བདག་མེད་ཀ་ནས་དག །
ནམ་མཁའ་ལྟ་བུར་ཕྱོགས་མེད་ཀུན་ལ་ཁྱབ།།
བོན་སྐུ་ཀུན་ཏུ་བཟང་པོའི་རང་ཞལ་མཇལ། །
གདོད་མའི་མགོན་པོ་གཞན་ན་མེད་པ་མཚར། །
རང་བཞིན་མ་བཅོས་འོད་གསལ་འདུས་མ་བྱས། །
ཉི་ཟླའི་འོད་ལྟར་གསལ་ལ་དངོས་པོ་མེད། །
ལོངས་སྐུ་གཤེན་ལྷ་འོད་དཀར་རང་ཞལ་མཇལ། །
དཀར་པོ་གནས་འཛིན་གཞན་ན་མེད་པ་མཚར། །
རྣམ་པ་འགག་མེད་གང་ཤར་རང་སར་གྲོལ། །
སྣ་ཚོགས་འཇའ་ཚོན་བཞིན་དུ་སོ་སོར་བཀྲ། །
སྤྲུལ་སྐུ་འཆི་མེད་གཙུག་ཕུད་རང་ཞལ་མཇལ། །
སྟོན་པ་གཤེན་རབ་གཞན་ན་མེད་པ་མཚར། །
ཨེ་མ་སྐུ་གསུམ་ལྷུན་གྱིས་གྲུབ་པ་འདི། །
ད་ལྟ་རང་ལ་མངོན་སུམ་ཡོད་པ་དེར། །
རྟག་ཆད་ཕྱོགས་ལྷུང་ཙམ་གྱི་མཐའ་དང་བྲལ། །
གུ་ཡངས་ཡན་པར་བློ་སེམས་བདེ་བའི་ངང་། །
དཔོན་གསས་བླ་མ་དགྱེས་པའི་གླུ་དབྱངས་ལེན། །
དགེ་འདིདས་བདག་སོགས་འགྲོ་བ་མ་ལུས་པ། །
ཀུན་ཏུ་བཟང་པོའི་ཀློང་དངུ་མཉམ་གྱུར་ཅིག །
ཅེས་རྩ་བའི་བླ་མ་འཁྲུལ་ཞིག་རྫོགས་པ་ཆེན་པོའི་རྣལ་འབྱོར་བ་རྟོགས་ལྡན་གཡུང་དྲུང་དར་རྒྱས་ཀྱི་བཀའ་ཡིས་བསྐུལ་ངོར། གྲོང་དུ་འཁྱམས་པའི་བོན་པོ་མཁར་རྩེས་ཤར་མར་བྲིས་པ་དགེའོ།།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།