ཤུགས་འབྱུང་ཨ་མཚར་དྲུག་ཅུ་མ།

ཤུགས་འབྱུང་ཨ་མཚར་དྲུག་ཅུ་མ།
སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན།

སྐྱབས་དཀོན་མཆོག་མ་ལུས་འདུས་པའི་དངོས། །
ཕ་དྲིན་ཆེན་བླ་མ་ཁྱུང་གི་ཟླ། །
དུས་རྒྱུན་ཆད་མེད་པར་སྙིང་གི་དཀྱིལ། །
བཞུགས་གསོལ་ནས་གསོལ་བ་འདེབས་འདི་མཁྱེན། །
ཀ་ཀ་དག་དྲི་མེད་བྱང་ཆུབ་སེམས། །
ཁ་ཁ་དོག་གཟུགས་དབྱིབས་མ་གྲུབ་སྟེ། །
ག་ག་དར་བློ་ཡིས་མ་བྱས་ན། །
ང་ང་བདག་དྲི་མས་སྒྲིབ་དོགས་གདའ། །
ཅ་ཅ་ཅོ་ཚིག་གི་སྒྲོས་དོགས་ལ། །
ཆ་ཆ་རྒྱུས་གདར་ཤ་མ་ཆོད་ན། །
ཇ་ཇ་ཆང་བསྲེ་སླད་ཇི་བཞིན་དུ། །
ཉ་ཉ་ར་དྭངས་སྙིགས་འབྱེད་མི་འགྱུར། །
ཏ་ཏ་ལའི་སྡོང་བོ་རྩེ་བཅད་ལྟར། །
ཐ་ཐ་སྙད་ཚིག་ལ་འབྲས་བུ་མེད། །
ད་ད་ལྟའི་སྣང་མཐུན་བོན་ཆོས་ལ། །
ན་ན་འཆིའི་སྡུག་བསྔལ་ཐར་འབྱེད་དཀའ། །
པ་པ་དྲ་ལྕགས་ལས་བཟོས་བཞིན་དུ། །
ཕ་ཕ་མའི་རྒྱུས་བསྐྱེད་ཕུང་བོ་འདི། །
བ་བ་ལྕིས་བགོས་པ་དག་དཀའ་ལྟར། །
མ་མ་རིག་འཕྲུལ་སྣང་སངས་དུས་མེད། །
ཙ་ཙ་མོ་དོལ་ལ་འཁྲིས་ནས་སུ། །
ཛ་ཛ་ཧཱུཾ་ཕཊཿསྒྲའི་ཁ་བོན་འདི། །
ཝ་ཝ་མོ་འའདྲེ་བརྒྱལ་བྱེད་པ་འདྲ། །
ཞ་ཞ་འཐེང་རྟ་ལ་ཞོན་པ་ལྟར། །
ཟ་ཟ་འདོད་ཅན་གྱི་འདྲེན་སྟོན་པས། །
འ་འ་བཱོ་རང་མགོ་མི་ཐོན་པར། །
ཡ་ཡ་མིན་སེམས་ཅན་དྲངས་མ་ཐོས། །
ར་རྭ་ཅོ་ལྟ་བུའི་རང་རྒྱུད་འདི། །
ལ་ལ་རྒྱ་གཞི་ནས་མ་ཞི་ན། །
ཤ་ཤ་ཆང་ཁ་ཟས་སྤངས་པ་ཡིས། །
ས་ས་ལམ་ཡོན་ཏན་ལྡན་མ་མཐོང་། །
ཧ་ཧ་ཧི་བཞད་བྱེད་ཀ་རྨད་གླུ། །
ཨ་ཨཱ་རིང་དབྱངས་ལ་སྐྱོན་ནས་བླངས། །
ཚིག་འདི་འདྲ་སྔར་མེད་ད་འབྱུང་དཀོན། །
ཕྲན་ནམ་མཁའ་རྒྱལ་མཚན་འཆལ་གཏམ་སྟེ། །
ཆུ་འཐུང་ཞོར་གཅིག་ལ་རྩེད་མོ་བྱས། །
དགོས་གལ་ཆེན་སྣང་ན་དཔེ་ལ་བྲིས། །
དེ་མེད་ད་བསམ་ན་སླེས་ལ་བོར། །
ཕྱོགས་དུས་ཀུན་བཀྲ་ཤིས་བདེ་སཀྱིད་ཤོག །
ཅེས་ཤིང་ཕག་ལོ་ཧོར་ཟླ་དྲུག་པའི་ཚེས་ལ་སྨྲ་བའི་ཏིང་འཛིན་དང་
བཅས་ཤུགས་འབྱུང་དུ་སྐྱང་སྤྲུལ་ནམ་རྒྱལ་གྱིས་བྲིས་པ་དགེའོ། །

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།