རིག་ལམ་སྒོ་མོར་མྱུལ་བའི་དྲན་གཞིགས།

རིག་ལམ་སྒོ་མོར་མྱུལ་བའི་དྲན་གཞིགས།
ཁྲི་གཡུང་དྲུང༌།

སྨན་རིའི་གླིང་དུ་རྩོད་རྒྱུགས་དམ་བཅའ་ཐེངས་གཉིས་པར་བསྡད་རྗེས།

སྤངས་རྟོགས་ལེགས་པའི་ཡོན་ཏན་ཀུན་རྫོགས་དུས་གསུམ་སྟོབས་བཅུ་མངའ་བའི་བདག །
མ་རིག་རྨོངས་པའི་ལྐུགས་པ་ཁ་འབྱེད་འཕྲུལ་ངག་བདེན་པའི་དྲུང་མུ་གྱེར། །
ས་བཅུ་ལམ་ལྔའི་གསེར་སྐས་རིམ་བགྲོད་རིག་གྲོལ་ཡོན་ཏན་བརྒྱད་ལྡན་སྡེ། །
རྒྱལ་ཀུན་མཁྱེན་བརྩེ་ངོ་བོ་གཅིག་བསྡུས་བརྒྱུད་ལྡན་བླ་མར་སྐྱབས་མཆིའོ། །

རྩོད་པ་རྒྱ་མཚོའི་གཏིང་ཟབ་བརྒལ་བའི་དཔལ་ལྡན་དགེ་བའི་བཤེས་རྣམས་དང༌། །
རིག་ལམ་རིག་པས་འཕྲུལ་འཁོར་བསྐོར་བའི་ངེས་པ་དོན་གྱི་རྟོག་གེ་བ། །
དཀའ་གནད་གཞུང་གི་བདར་ཤ་ཆོད་པའི་མཁས་མང་འདུས་པའི་རིགས་གྲྭ་དེར། །
མཚན་ཉིད་རྩོད་རྒྱུགས་དམ་བཅའ་ཆེན་མོར་སླར་ཡང་སྡོད་པའི་བསྐལ་བཟང་བྱུང༌། །

ཐོག་མར་དག་པའི་སེམས་བསྐྱེད་ཀློང་ནས་ཀི་རིང་ཞིག་གིས་སྔོན་བརྡ་བཏང༌། །
ཁ་དོག་དཀར་དམར་ཁྱབ་ཕྲན་ནས་བཟུང་སྔོན་འགྲོའི་དམ་བཅའ་དབུ་འཛུགས་གནང༌། །
རིག་པའི་སྒོ་འབེད་བསྡུས་གྲྭའི་རིག་ལམ་བར་སྣང་གློག་གི་འཁྱུག་རྩལ་གྱིས། །
ཉེར་བསྡོགས་ཞན་པའི་དམ་ཁྲིའི་སྟེང་གི་དམ་བཅའི་སྙིང་ལ་འཇིགས་སྣང་སྐུལ། །

འགལ་དང་མི་འགལ་སྤྱི་དང་བྱེ་བྲག་ཐལ་འགྱུར་ཁྱབ་པ་སྒོ་བརྒྱད་མ། །
རྟག་རྟོགས་དངོས་རྟོགས་སྔ་བཙན་ཕྱི་བཙན་རིག་ལམ་ཁྱོད་ཞུགས་སྦུག་འཁོར་མ། །
ཡིན་ལོག་མིན་ལོག་རྫས་དང་ལྡོག་པས་རིག་པའི་རོལ་རྩེད་སྣ་ཚོགས་བགྱིས། །
བསྡུས་ཚན་བཅོ་བརྒྱད་འཇིགས་རོང་འཕྲང་ནས་རྩ་བའི་དམ་བཅའ་ཤོར་ལ་ཁད། །

དངོས་འབྲེལ་ལྡོག་འབྲེལ་ངེས་ལ་བརྟེན་པའི་སྒྲུབ་དང་དགག་པའི་གཏན་ཚིགས་སོགས། །
བཀོད་པའི་རྟགས་དེ་ཡང་དག་ཡིན་མིན་ཚུལ་གསུམ་རིགས་པས་ཞིབ་ཏུ་དཔྱད། །
བསླུ་མེད་བཀའ་ལུང་རིག་པ་ཚད་མས་རྟོག་བཟོའི་སྒྲོ་འདོགས་གཅོད་སྟངས་དང༌། །
ཚད་མིན་བློ་ཀུན་སྒྲོ་འདོགས་ཡིན་མིན་རིག་པས་མ་གྲུབ་ཐེ་ཚོམ་བཟུང༌། །

ཇི་སྲིད་འདུ་ཤེས་ཡོད་ཀྱི་བར་དུ་དེ་སྲིད་ཐེག་པ་ཡོད་མེད་དང༌། །
རང་རང་གྲུབ་མཐས་བློ་ཁ་བསྒྱུར་བའི་ཕྱི་ནང་གྲུབ་མཐའི་རྣམ་གཞག་ཀུན། །
རང་རྟོག་སེམས་ཙམ་ཐལ་རང་སོགས་ཀྱི་ལྟ་བའི་དགག་བྱ་འཇོག་སྟངས་དེ། །
ལྷ་དང་བླ་མའི་ཞལ་རྒྱུན་ཙམ་ལས་རང་བློས་གང་དྲན་འཇོག་ནུས་མིན། །

འཁོར་འདས་གཉིས་ཀྱི་བོན་རྣམས་ཐམས་ཅད་བདག་ཉིད་དེ་ལ་འདུས་ཚུལ་དང༌། །
ཁྱབ་བྱེད་གྱུར་བའི་རང་བཞིན་བདེན་པ་བདེན་གཉིས་ཟུང་དུ་འབྲེལ་བའི་ཚུལ། །
འཁོར་བ་དུག་གི་ཐོག་མ་ཡོད་མེད་བདེན་པ་བཞི་ཡི་རྣམ་གཞག་སོགས། །
དོན་གནད་ཇི་བཞིན་ཞིབ་ཕྲ་མ་ནུས་རེ་ཞིག་རིག་པར་ངལ་གསོ་བིན། །

ཟབ་མོ་སྟོང་བའི་གནས་ལུགས་དོན་ལ་རིང་ནས་རྨོངས་པའི་བག་ཆགས་མཐུས། །
དོན་དམ་བློ་ཡི་སྤྱོད་ཡུལ་ཡིན་མིན་ཚིག་ཐག་མ་ཆོད་རྩོད་པ་འཕེལ། །
རྩ་བའི་དམ་བཅར་གནོད་ཀྱིས་དྭོགས་ཏེ་ཡིག་ཆའི་དགོངས་པ་བཙན་འགྲེལ་བརྒྱབ། །
གནད་དུ་མ་སྨིན་དོན་ལོག་འགལ་བས་འཁོར་གསུམ་མཆོད་པས་འཁོར་ལོ་བསྐོར། །

ཁ་ནས་ཤོར་བའི་ཁྱབ་ལོག་ཞིག་གིས་གདོང་གི་དཀྱིལ་འཁོར་ཚ་ལམ་ལམ། །
ཐལ་ཕྱིར་སྐམ་པོའི་ཚ་སྟོང་ཞིག་གིས་མཁས་མང་འདུས་ཚོགས་འུར་ཟིང་ཟིང༌། །
ཚ་ངར་ལྡན་པའི་རིག་ལམ་ཞིག་གིས་ལན་རེར་སྙིང་ལ་ཚ་ཟུག་ཟུག །
རིག་ལམ་མེད་པའི་རྟགས་གསལ་འགའ་ཡང་དེ་རིང་འདི་ནས་རྩྭ་ཆད་ཆད། །

སྐྱེས་སྦྱངས་སྟོབས་ཀྱི་ཤེས་རབ་རྣོ་ན་སྒྲོ་འདོགས་ས་བོན་རྩད་ནས་ཆོད། །
མ་རིག་བདག་འཛིན་རུ་ཏྲ་ཆོད་ན་ལྟུང་འཁོར་འཁྲུལ་བའི་གནས་ལས་གྲོལ། །
ལེགས་བཤད་ལུང་རིགས་བརྡ་དོན་ཁྲོལ་ན་རྣམ་བཤད་རྩོད་པར་ཆགས་ཐོགས་བྲལ། །
མ་དག་འཁོར་བའི་བག་ཆགས་ཟབ་པས་རྨོངས་པའི་བུ་ཉིད་ཀྱེ་མ་ཧུད། །

ངོ་བོ་ཕྲ་ལ་ནུས་པ་རྒྱས་པའི་ང་རྒྱལ་དུག་གི་ཀུན་བསླངས་ཏེ། །
དོན་ལོག་འགལ་བའི་ཉེས་པ་ཅི་བསགས་སྐྱབས་ཡུལ་རྣམས་ལ་བཟོད་གསོལ་ཞུ། །
དོན་དུ་སྨིན་པའི་དགེ་བ་གང་མཆིས་རིས་མེད་མཁའ་ཁྱབ་འགྲོ་ལ་བསྔོ། །
སྙན་ངག་ཙམ་གྱི་ཚིག་ཕྲེང་འདི་ཡང་རང་མཉམ་ཚོ་ལ་སྐྱེས་སུ་བསྲིངས། །

༢༠༠༧ལོའི་ཟླ ༦ཚེས ༢༦ལ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།