སྣང་ཞིག་བོན་གླིང་དུ་ཕུལ་བའི་འཕྲིན།

སྣང་ཞིག་བོན་གླིང་དུ་ཕུལ་བའི་འཕྲིན།
བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ།

     ༄༅། །དུས་གསུམ་རྒྱལ་བའི་མཁྱེན་པའི་ཡེ་ཤེས་ཀྱིས། ། མ་ལུས་འགྲོ་ལ་སྙིང་རྗེས་ཆེར་དགོངས་ནས། ། འཕགས་ཆེན་རྒྱལ་སྲས་དམ་པའི་ཚུལ་བཟུང་སྟེ། ། བསྟན་འགྲོའི་དཔལ་ཤར་སྣང་སྟོན་ཕྱག་གི་ཡུལ། ། གང་གི་ཞབས་པད་གདོང་ལྔས་བཏེགས་པའི་ ཁྲིར། ། བསྐལ་བར་མཛེས་པས་རི་དབང་ཟིལ་གནོན་ཞིང་། ། སེམས་དཔའ་སྟོང་གི་གསེར་ རིའི་འཕྲེང་བ་བཅས། ། སྲིད་ཞུའི་མཆོད་གདོང་བླ་ན་མེད་པའི་དྲུང་། ། དགེ་དང་མི་དགེའི་ཁྱད་པར་ཤེས་ན་ཡང་། ། ལེགས་ཉེས་བླང་དོར་ཚུལ་བཞིན་སྤྱོད་པས་དབེན། ། ལྷུན་པོ་བརྗིད་ཀྱང་ཤེས་པས་དམན་ལྟ་བའི། ། གྲུབ་དབང་གོང་མའི་ཤུལ་འཛིན་པ་དེས་ཞུ། ། དམུ་དབང་སྲས་པོའི་ཐུགས་བསྐྱེད་ཉི་འོད་ཀྱིས། ། མཁས་བའི་བྱ་བ་སྦྲང་རྩི་འཛིན་པའི་ཚལ། ། སྐལ་བཟང་ར་ཡིག་གཉིས་པའི་རྩེད་འཇོ་ཅན། ། ས་ཆེན་འདི་ན་འགྲོ་བའི་དཔལ་དུ་བཞད། ། བསླབ་གསུམ་རླབས་དཀར་གཡོ་བ་ཡི། ། ལྔ་རིག་གཏེར་གྱི་བང་མཛོད་ཆེ། ། རིག་གྲོལ་རྒྱ་མཚོའི་གོས་བཟང་གིས། ། ནོར་བུ་འཛིན་མ་མཛེས་པར་བྱས། ། དབུ་ཚད་སྨྲ་བའི་སྟག་སེང་དར་མའི་གྲལ། ། གྱེར་བསྟན་གངས་དང་ཙན་དན་ཚལ་ན་འགྱིང་། ། ལུང་རིགས་མཆེ་སྡེར་རྣོན་པོ་བརྡར་བའི་ཟིལ། ། མ་བཟོད་ལོག་སྨྲ་ཝ་སྐྱེས་སྙིང་རྩ་འདར། ། འདུལ་བ་རྩོམ་འགྲེལ་གནང་བཞིན་ཐུགས་ཉམས་བསྟར། ། མཛོད་ཆེན་རྩོད་པ་ཙམ་མིན་རྒྱུད་ལ་ངེས། ། ཕར་ཕྱིན་འཆད་པས་ཆོག་མིན་ལམ་དུ་སློང་། ། བསྟན་པའི་སྙིང་བོ་དེ་ལས་གཞན་དུ་ཅི།། རྣམ་དཔྱོད་གསེར་གྱི་གྲུ་གཟིངས་ཆེ། ། བརྩོན་པའི་བ་དན་གྱིས་བསྐྱོད་ནས། ། གཞུང་ལུགས་རྒྱ་མཚོར་རྩེ་དགས་རོལ། ། བྱང་ཆེན་གཏེར་ལ་དབང་བསྒྱུར་རྨད། ། འདི་ན་བསྟན་པའི་བྱ་བར་སྒྲོ་བཏགས་པའི། ། ཐོས་བསམ་པིར་རྩེས་བྲིས་པའི་རི་མོའི་སྒྲོན། ། ནང་གི་མུན་པ་སེལ་ལ་ནུས་པ་ཕྲ། ། དོན་གྱི་འབྲས་བུ་མཁའ་དབྱིངས་པདྨོའི་སྤུན། ། འཚམས་ཞུ། སྔ་འགྱུར་བསྟན་པའི་ཉི་སྣང་མི་བཟོད་པའི། ། མིག་ལ་མུན་ནག་ལྟ་ལོག་འབྱུང་བྱའི་ཚོགས། ། ཆགས་སྡང་འདབ་ཟུང་ལྡན་པའི་སྐྱེ་བོའི་ཁྲོད། ། སྨྱོ་ཚིག་ཅ་ཅོ་སྒྲོགས་པ་རྣ་བར་རྩུབ། ། དེ་ཕྱིར་གཤེན་བསྟན་ཟླ་ཚེས་གསར་བའི་འཛུམ། ། འཁོར་ལོ་གསུམ་གྱི་ལེགས་མཛད་ཆ་ཤས་རྫོགས། ། ལུང་རྟོགས་འོད་སྣང་དཀར་བོ་ཕྱོགས་སུ་སྤྲོས། ། རྒུད་པའི་མུན་པ་སེལ་བར་མཛོད་ཅིག་ཀྱེ། ། སྲིད་ལ་སྲེད་པ་དྲི་མའི་རྡུལ། ། ངེས་འབྱུང་ག་པུར་ཆུས་བཀྲུས་ཏེ། ། ཐར་བའི་བཞིན་རས་རྣམ་གསལ་བ། ། སོ་བྱང་སྔགས་ཀྱི་རྩ་བར་བརྟན། ། དེ་ལ་བྱང་སེམས་ཡལ་ག་རྒྱས་བའི་ཕྱིན་དྲུག་བསྡུ་བཞིའི་ལོ་འདབ་ཅན། ། ཡང་དག་ལྟ་བའི་རྩེ་མོ་བྱུང་རྒྱལ་གཞི་དྲུག་ལྡན་པའི་མེ་ཏོག་བཞད། ། རིམ་གཉིས་ལྡན་པའི་འབྲས་བུ་གཡུར་ཟ་རྒྱལ་སྲས་དཔག་བསམ་དབང་བོའི་དཔལ། ། འཛིན་གྲྭའི་བང་རིམ་མཐོ་བའི་འདུས་སྡེ་རི་དབང་སྤོ་ལ་མཛེས་པས་སྤྲོ། ། བསྟན་སྦྱིན་གཏོང་བར་གོམས་པའི་བསོད་ནམས་ཚོགས། ། དཔངས་མཐོར་བརྩེགས་པའི་ཤར་རིའི་ཕྲག་གོང་ན། ། རྟེན་གསུམ་འོད་སྟོང་འབར་བའི་གཙུག་ལག་ཁང་། ། ལྷམ་མེར་གསལ་བས་བདེ་སྐྱིད་སྣང་བ་རྒྱས། ། ངོ་མཚར་གཏམ་གྱི་སྙན་པ་ཕྱོགས་སུ་གྲགས་པའི་གཡས་འཁྱིལ་དུང་། ། ངོ་མཚརགཟུ་བོའི་བློ་ལྡན་ཕྱོགས་ཀྱི་བུ་མོས་བུས་པའི་སྒྲ། ། ངོ་མཚར་དོན་ལྡན་ཐོས་པས་ཕྱོགས་མེད་སྐྱེ་བོའི་ཡིད་དབང་འཕྲོག། ངོ་མཚར་བསྟན་ལ་ལག་རྗེས་ཕྱོགསབཅུའི་ཞིང་ན་རྒྱལ་རྣམས་དགྱེས། ། བཀྲ་གསལ་རྒྱ་མཚོའིགླིང་ཆེན་གྱི། ། དཔལ་ཡོན་བྱེ་བ་ལ་འཁུ་བའི། ། དཔག་ཡས་གཞལ་མེད་ཁང་བཟང་གི ། དོན་སྤྱིའི་སྣང་བ་འགོག་མེད་ཤར། ། དེ་དག་དྲན་པའི་རྣམ་འགྱུར་ནི། ། རིམ་པ་དང་པོའི་རྣལ་འབྱོར་བཞིན། །དོན་གཞན་དྲན་པའི་སྐབས་བྲལ་ཏེ། ། སྒྱུ་མའི་འཕྲུལ་ལ་རྩེ་དགའ་འཛིན། ། རང་བཞིན་སྡུག་ཀུན་ལྡན་པའི་ཟག་ཕུང་འདིར། ། རང་འབྲས་ཟུག་རྔུའི་མཆེ་བ་རྣོན་པོ་རྩེས། ། རང་ཉིད་དུམ་བུར་བཅད་པའི་གཞན་དབང་གིས། ། རང་གི་རེ་བ་གྲུབ་པར་རྔོ་མ་ཐོགས། ། འདི་ལ་ཐུགས་ཁྲེལ་མི་གནང་ཞིང་། ། འདི་དོན་ཐུགས་བརྩེས་མི་འདོར་བར། ། འདི་ཕྱིར་ཐུགས་རྗེས་སྐྱོབ་པར་ཞུ། ། འདི་དག་ཐུགས་ལ་ནན་འཛིན་འཚལ། ། གོང་ས་སྐྱབས་མགོན་ཆེན་པོའི་ཞབས་པད་མཆོག། ཆེ་རྒུའི་གཙུག་གི་འདུད་པ་དང་བཅས་ཏེ། ། མི་འགྱུར་གཡུང་དྲུང་ཁྲི་ལ་བསྐལ་བ་བརྒྱར། ། བརྟན་པའི་སྙིང་པོར་སྙིང་ནས་གསོལ་བ་འདེབས། ། དགོན་སྡེ་ཆེན་པོར་འདུས་བ་སྟོང་དང་ཁྲིར། ། འཕེལ་ནས་ཐུགས་མཐུན་ཁྲིམས་གཙང་སེལ་མེད་ཀྱིས། ། ལུང་རྟོགས་བོན་གྱི་བསྟན་པ་རིན་པོ་ཆེ། ། འཛམ་བུ་གླིང་ན་ཉི་ལྟར་གསལ་མཛད་ཤོག། བདག་སོགས་ཚེ་རབས་ཕྲེང་བར་རྟེན་བཟང་རྙེད། ། སྡོམ་གསུམ་མིག་འབྲས་བཞིན་དུ་ལེགས་པར་བསྲུང་། ། སྣང་སྟོན་མཆོག་དང་འདུས་པ་རྒྱ་མཚོའི་ཞབས། ། གུས་པས་མཆོད་དེ་བྱང་ཆེན་མཆོག་བརྙེས་ཤོག། ཞུ་འཕྲིན་དཔྱིད་ཀྱི་ཕོ་ཉ་མོ། ། སྙན་ཚིག་དབྱངས་སུ་ལེན་བཞིན་དུ། ། ལྷ་དར་འདབ་མས་ལེགས་བསྐྱོད་དེ། ། དགོན་ཆེན་ཚལ་ལ་གུས་པས་བཏེགས། ། ཞེས་བྱང་ཁའི་ཕྱོགས་ཀྱི་བོན་སྨྲ་བ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོས་རང་དགོན་གྱི་བླ་བྲང་ཉི་འོད་འཁྱིལ་བའི་བ་གམ་ཆུང་ངུ་ནས་ཟླ་ཚེས་ལ་ཕུལ་བ་དགེ། །།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།