རྟོགས་ལྡན་སྤྲུལ་སྐུ་རྣམ་གཉིས་ལ་ཕུལ་བའི་ཞུ་ཡིག

རྟོགས་ལྡན་སྤྲུལ་སྐུ་རྣམ་གཉིས་ལ་ཕུལ་བའི་ཞུ་ཡིག
བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ།

༄༅། །དམུ་རྒྱལ་སྲས་པོའི་བསྟན་པ་སྐྱོང་བའི་གཉེན། ། ལྷར་བཅས་འགྲོ་བའི་བདེ་ཆེན་འཁོར་ལོའི་རྒྱན། ། རྟོགས་ལྡན་སྤྲུལ་བའི་སྐུ་མཆོག་རྣམ་གཉིས་ཀྱི། ། ཞབས་སྟེགས་སྲིད་ན་མངོན་པར་མཐོ་བའི་དྲུང་། ། བྱང་ཕྱོགས་འཛིན་མའི་ཐིག་ལེ་རུ། ། གསེར་མོ་ལྗོངས་ཞེས་གྲགས་པའི་ཡུལ། ། དམ་པ་ཁྱུང་གི་གདུང་རུས་ལ། ། དལ་བ་ཐོབ་པའི་སྙོམས་ལས་པས། ། འདིར་སྣང་ལྡུམ་རའི་སྐྱེད་ཚལ་ན། ། རྩྭ་ཤིང་སྙིང་བོས་ཡོངས་སྟོང་ཡང་། ། གཤེན་བསྟན་ཉིན་བྱེད་ལ་གུས་པས། ། མེ་ཏོག་དད་པའི་མགོ་ལྕོག་ལྡེམ། ། གསུང་མཆིད་ཟླ་བའི་བདུད་རྩིའི་རླབས། ། མཐུ་བྱིན་འོད་དཀར་ལ་འགྲོགས་ནས། ། སྙིང་གི་ཀུན་དའི་དབུས་སིམ་ཚེ། ། དད་གུས་འདབ་མ་ཅི་ཡང་རྒོད། ། རབ་དཀར་གངས་རིས་རབ་མཛེས་པའི། ། ཞིང་འདིའི་འོལ་གླིང་ཞིང་གི་རྗེས། ། རྐང་བ་འཇོག་ཅེས་རྐང་གཉིས་རྣམས། ། མགྲིན་གཅིག་བཞིན་དུ་མགྲིན་དབྱངས་གྱེར། ། ཅི་ཕྱིར་རྔ་ཡུལ་སྨིན་གྲོལ་གླིང་། ། ཕྱོགས་ཀྱི་འཁོར་ལོའི་མཛེས་རྒྱན་དུ། ། འཕོས་པ་ཟླ་བའི་གཟུགས་བརྙན་ནི། ། མཁའ་ལ་ཤར་བཞིན་གསལ་འདིས་སོ། ། དེ་ཡིས་བྱེད་པོ་ཡོངས་བཙལ་བས། ། སྐུ་མཆོག་ཉི་ཟླ་ལྷན་རྒྱས་ཞིག། རྣམ་དཔྱོད་མིག་གི་སྒྲོན་མ་འདིས། ། མཐོང་བས་སོམ་ཉིའི་མུན་པ་བསལ། ། བསོད་ནམས་བརྒྱ་ཕྲག་རྒྱ་མཚོའི་དཔལ། ། ཡུན་རིང་བསྙེན་པའི་དེད་དཔོན་དག། བང་མཛོད་དབྱིག་གིས་ཡོངས་བཀང་བས། ། དབུལ་བའི་མིང་དེ་ཡོད་མི་རུང་། ། དེ་ཕྱིར་ཀློག་པ་ཐོས་བསམ་དང་། ། སྤོང་བ་བསམ་གཏན་ཟུང་འཇུག་གི། སྲོལ་ལས་སྔོན་གྱི་མཁས་པའི་ཁྲིར། ། འགྱིང་བའི་ཆོ་ག་ཁྱོད་ཀྱིས་ཟུངས། ། ལྔ་རིག་ཟླ་འོད་ལ་འཐུང་བའི། ། དཔྱོད་ལྡན་ཀུན་དའི་ལང་ཚོ་དེས། ། སུམ་བརྩེན་ཚལ་གྱི་ཁེངས་པ་ཡང་། ། ཡོངས་སུ་འཕྲོག་པར་ཁྱོད་ཀྱིས་མཛོད། ། རྒྱལ་བསྟན་ནོར་ བུའི་ཁྲི་འཕང་ནི། ། དྲེགས་ལྡན་བྱེ་བའི་རལ་བའི་རྩེར། ། རྣམ་པར་འགོད་ལ་སྙིང་སྟོབས་ཀྱིས། ། བདག་གིར་བགྱི་བའང་ཁྱེད་ལ་རགས། ། སྡོམ་བརྩོན་ཛ་ཏིའི་ཚལ་དེ་ན། ། ཕྲག་དོག་ཚེར་མས་མནར་བའི་སྒྲས། ། རྣ་བ་འགས་པའི་ཚུལ་འདི་ཡང་། ། རེ་ས་ཁྱེད་ལས་གཞན་ན་ཅི། །འདི་འདྲའི་སྙིང་གི་ཟུག་རྔུའི་དབལ། ། སེལ་བར་མཛད་ལ་བྱམས་སྙིང་ཅན། ། འཚོ་བྱེད་གཞོན་ནུས་མཐུན་པའི་སྨན། ། ཚེ་འདི་ཉིད་ལ་སྩོལ་བར་མཁྱེན། ། སྤྱིར་ནི་བསྟན་འགྲོའི་དོན་ཆེད་དང། ། སྒོས་སུ་བསྟན་འཛིན་ཁྱེད་རྣམས་ཀྱི། ། ཞབས་པད་གཡུང་དྲུང་ཁྲི་འཕང་ལ། ། བརྟན་པར་རིམ་གྲོ་ནམ་ཡང་གལ། ། ཐུགས་མཆོག་དག་པའི་མཁའ་དབྱིངས་ལས། ། བརྩེ་ཆེན་སྤྲིན་དཀར་རབ་གཡོས་ཏེ། ། གསུང་འཕྲིན་གྲུ་ཆར་འཇོ་བ་ཡིས། ། བདག་བློའི་ཚ་གདུང་གཞིལ་བར་འཚལ། ། ཞུ་མཆིད་པི་ཝང་རྡུང་བའི་སྒྲ། ། སྒྲ་འཛིན་ལམ་དུ་འཇེབས་མིན་ཡང་། ། ཡང་ནས་ཡང་དུ་གསོལ་བའི་ངག། ངག་རིག་དར་བཅས་གུས་པས་ཕུལ།། །།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།