སྣང་ཞིག་དགོན་ཆེན་ལ་ཕུལ་བའི་ཞུ་ཡིག

སྣང་ཞིག་དགོན་ཆེན་ལ་ཕུལ་བའི་ཞུ་ཡིག
བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ།

༄༅། ། རྨད་བྱུང་རྒྱལ་བའི་ཐུགས་བསྐྱེད་ཆུ་གཏེར་ལས། ། སྡེ་སྣོད་གསུམ་གྱི་བང་རིམ་མངོན་པར་མཐོ། ། བསླབ་གསུམ་འདོད་འཇོའི་དཔག་བསམ་སྲིད་ན་མཛེས། ། སེམས་དཔའ་གསེར་རིའི་འཕྲེང་བཅས་ཕྱག་གི་ཡུལ། ། གང་གི་ཞབས་རྡུལ་སྐྱེ་འགྲོའི་གཙུག་གི་རྒྱན། ། རྒྱན་དྲུག་ལྟ་བུའི་མཁས་མང་འདུས་པའི་ཚོགས། ། ཚོགས་ཀྱི་ཞིང་མཆོག་གདན་ལ་བཞུགས་པའི་མདུན། ། མདུན་དྲུང་དགེ་མཚན་དཔལ་གྱིས་མཛེས་པ་དེར། ། ཕྲན་ནས་ཞུ་བ། རིག་དང་གྲོལ་བ་བརྒྱད་ཀྱི་ནོར་བུའི་མཛོད། ། མཛོད་དང་ཤེར་ཕྱིན་བརྒྱད་གཉིས་རྫོགས་པའི་ཟླ།། ཟླ་བྲལ་དབུ་ཚད་རིག་པའི་གཟི་འོད་སྣང་། ། སྣང་དགོན་འདུལ་འཛིན་འདུས་པ་རྒྱ་མཚོར་མངའ། ། ཨེ་མ་གཞུང་ལུགས་རྒྱ་མཚོའི་བདག། གཤེན་གྱི་འདུས་སྡེའི་མཚན་སྙན་གྱི། ། གྲགས་སྙན་དཀར་པོའི་དོ་ཤལ་ནི། ། ཕྱོགས་ཀྱི་བུ་མོས་རྒྱན་དུ་ངོམས། ། སྐྱེ་བོ་ཕལ་བས་སྤྱོད་མིན་པའི། ། འོལ་གླིང་དཔལ་ལ་ཅོ་འདྲི་བ། ། གདན་ས་ཆེན་པོའི་དཔལ་ཡོན་གྱིས། ། བདག་གི་ཡིད་ནི་འཕྲོག་པར་བྱས། ། འདི་ན་ངེས་འབྱུང་བཅོས་མའི་མེ་ཏོག་གི ། བྱང་སེམས་བརླན་དང་བྲལ་བའི་འཁྲི་ཤིང་རྩེར། ། ཡང་དག་སྙིང་བོའི་དྲི་དང་ཟེའུ་འབྲུས་སྟོང་། ། སྐལ་བཟང་སྦྲང་རྩིའི་བུ་ལ་ཅི་ལྟར་ཕན། ། བློ་ལྡོག་དང་པོ་ཟུང་གི་གསེར་འགྱུར་རྩི། ། ཚེ་འདིར་ཞེན་པའི་ལྕགས་ལ་མ་ཐེབས་པས།། གཉིས་པ་ཟུང་གིས་ཕྱི་མའི་ཞེན་པ་ཡང་། ། བཟློག་ལ་ནུས་པ་ཤིན་ཏུ་ཕྲ་བར་འགྱུར། ། ངེས་པ་གསུམ་གྱི་སོན་བཟང་མ་ཐེབས་པས། ། ཀུན་གྱི་རྟེན་གཞི་སྐྱབས་འགྲོའི་ཞིང་ས་དེར། ། རྣམ་པར་གྱོང་བས་ཀུན་གྱི་གྲལ་མཐར་ཡང་། ། མ་སླེབས་སྙམ་སྟེ་བྲང་ལ་སྤར་མོས་བསྣུན། ། འོག་མའི་ལམ་ལས་རིགས་བདུན་གང་ཡང་འཆལ། ། བྱང་ཆུབ་སེམས་ལ་དཔག་ན་སྙིང་རྗེ་བྲལ། ། གོང་མའི་ལམ་གྱི་དམ་ཚིག་དེ་བས་དཀའ། ། བདག་འདྲ་སྨྱོའམ་སྙིང་བོས་ཡོངས་སུ་དབེན། ། དེ་སོགས་རང་གིས་རང་ལ་བརྟག་དཔྱད་ཀྱི། ། སྒྲོན་མེ་མུན་པའི་ཁྱིམ་ལ་བཏེགས་པ་ན། ། ལོ་མང་བསགས་པའི་སློག་ཧྲུལ་ད་མཐོང་ཡང་། ། མགོ་སྐྱེས་ཟླ་འོད་ལ་འགྲན་སྣང་བ་སྐྱོ། ། འཚམས་ཞུ། དང་པོར་གསུངས་པའི་ཕྱག་རྒྱའི་དོན་གོ་ཡང་། ། གཉིས་པར་ནུབ་པའི་རྒྱ་མཚོ་གཏིང་ཟབ་པས། ། གསུམ་པ་ཡང་དག་ཇི་བཞིན་མ་རྟོགས་པར། ། བཞི་བའི་བདེ་བ་བདུད་ཀྱིས་འཕྲོག་པར་བརྩམས། ། དང་པོའི་རྦ་རླབས་དྲག་ཏུ་འཁྲུགས་པ་འདི། ། གཉིས་པ་ལས་ཉོན་ཆུ་སྲིན་འབྱུང་གནས་གཤིས། ། གསུམ་པ་མངོན་དུ་བྱ་བར་རིང་ན་ཡང་། ། བཞི་བར་བགྲོད་པའི་ལམ་སྣ་ཁྱེད་ལ་རེ། ། དང་པོའི་མུན་པ་ཟུང་གིས་སྒྲིབ་པ་དག། གཉིས་པ་གསུམ་གྱི་རླུང་གིས་གཡེང་བའི་མཐར། ། གསུམ་པ་སྲིད་བར་མར་འཁྱམས་དགོས་ཚེ། ། བཞི་གསུམ་འཁོར་ལོའི་ཁ་ལོ་ཁྱེད་ཀྱིས་སྒྱུར། ། ཆུང་ངུའི་དུས་ནས་མཁས་པའི་བྱ་བ་ལ། ། གང་གའི་རྒྱུན་ལྟའི་བརྩོན་པ་མ་བྱས་པས། ། བགྲང་བྱ་རྒན་པོའི་གྲལ་མགོར་བསྙེགས་ན་ཡང་། ། རྣམ་དཔྱོད་བྱིས་པ་ཆུང་ངུའི་ཁྱུ་ན་བླུན། ། འོན་ཀྱང་དམུ་དབང་སྲས་པོའི་བསྟན་པའི་དོན། ། ནམ་ཡང་ཡིད་ལ་བྱེད་ཅིང་འབད་ན་ཡང་། ། ཆགས་ལྡན་ནོར་ལ་སྲེད་ལྟར་རེ་བ་ནི། ། མཁའ་དབྱིངས་པདྨོའི་རྗེས་སུ་བསྙེགས་འདིས་ངལ། ། ཁས་དམན་དགྲ་ལ་འཐབ་ན་མགོན་དང་དཔུང་། ། མེད་ན་མི་འདོད་རང་མགོར་འབབ་པ་ལས། ། བཀའ་མཆིད་སྲུང་མདུད་སྒོར་བཅས་སྦྲང་རྩིའི་ཆར། ། སྙིམ་པའི་མཐིལ་དུ་བསྩལ་བ་སྤྱི་བོར་བཞག། སྙིང་ལ་བརྣག་པའི་དུཿཁ་བསལ་བར་བྱས། ། ད་དུང་ལྷ་སྔགས་ཏིང་འཛིན་ཟབ་མོའི་མཚོན། ། སྙིང་རྗེ་འཕྲུལ་འཁོར་ལྡན་པའི་གུར་ཁང་དཀྱིལ། ། བདག་སོགས་སྲུང་བྱ་ནམ་ཡང་མི་འདོར་བར། ། མཁྱེན་ཞེས་ཞུ་བ་བཅོས་མིན་སྙིང་ནས་སོ། ། སླར་ཡང་ཚངས་པའི་སྲས་མོའི་པི་ཝང་ལ། ། འགྲན་པའི་སྙན་ཚིག་གཡས་འཁྱིལ་དུང་གི་སྒྲ། ། སྒྲ་འཛིན་བུ་མོ་མྱོས་བྱེད་བདུད་རྩི་ཡང་། ། ཡང་ཡང་སྩོལ་དང་སྙིང་ལ་སྨན་པར་ངེས། ། དེ་ལྟའི་ཞུ་དེབ་མཆོད་པའི་སྤྲིན། ། ཚོགས་ཀྱི་ཞིང་དུ་ཕུལ་བའི་དགེས། ། ཚེ་རབས་ཀུན་ཏུ་སྐྱབས་ཀྱི་ཕུལ། ། ཡུན་རིང་བསྟན་པ་བདག་གྱུར་ཅིག། །།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།