འཕྲིན་ལན་མེ་ཏོག་ཆུན་པོ།

འཕྲིན་ལན་མེ་ཏོག་ཆུན་པོ།
བསོད་ནམས་གཡུང་དྲུང༌།

ཕྲན་ཆུང་མངའ་རིས་སུ་ཡོད་སྐབས༼༡༩༨༧༽སྐྱབས་རྗེ་རིན་པོ་ཆེ་མཚན་ནས་བརྗོད་པར་དཀའ་བ་༧བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག་གི་
གསུང་འཕྲིན་གྱི་ལན་དུ་ཕུལ་བ།

      ༄༅། ། ཚོགས་གཉིས་རིན་ཆེན་རྡུལ་མང་ལས་གྲུབ་པའི། །སྐུ་གཉིས་རི་རྒྱལ་ལྷུན་པོ་མངོན་མཐོའི་སྤོར། །མཁྱེན་གཉིས་ཉི་ཟླ་གསལ་བའི་དཀྱིལ་འཁོར་ལས། །བདེན་གཉིས་འོད་སྟོང་སྤྲོ་མཛད་གང་དེ་རྒྱལ། །རྣམ་མཁྱེན་རྒྱལ་བའི་བསྟན་པ་གཡུང་དྲུང་བོན། །རྣམ་གསུམ་འཁོར་ལོས་ཕྱོགས་ཀུན་སྤེལ་བ་ལ། །རྣམ་སད་གཞན་གྱིས་མཚོན་པ་ཡོངས་བཏངས་པའི། །རྣམ་འདྲེན་བླ་མ་མཆོག་གི་ཞབས་དྲུང་དུ། །མི་ཕྱེད་དད་པའི་རྒྱ་མཚོ་སྐྱོམས་པ་ལས། །ལེགས་འོངས་ཞུ་འཕྲིན་མེ་ཏོག་ཆུན་པོ་ཞིག །དལ་རྟེན་གོ་ལ་ཟླུམ་པོའི་ཡང་རྩེ་རུ། །གནས་པའི་སློབ་བུ་གྱི་ན་བ་དེས་འབུལ། །མཐོང་བ་ཙམ་གྱིས་གཞན་ཡིད་དང་བ་འདྲེན་པའི་སྐུ། །ཐོས་པ་ཙམ་གྱིས་གདུལ་བྱ་སྨིན་ཅིང་གྲོལ་བའི་གསུང༌། །མ་ལུས་ཤེས་བྱ་ཅིག་ཅར་ཉིད་དུ་མཁྱེན་པའི་ཐུགས། །ཡོན་ཏན་འཕྲིན་ལས་བཅས་པ་སྔར་བཞིན་བདེ་ལགས་སམ། །དལ་འབྱོར་ལུས་རྟེན་ངེས་མེད་ས་མཐའ་ན། །དལ་སྡོད་ངང་དུ་སྟོང་ཟད་བྱེད་པ་ལས། །དལ་བའི་ལུས་ལ་ན་བ་མ་བྱུང་བར། །དལ་རྟེན་སྔ་མཁོ་འཚོ་བཞིན་བདེ་བ་ལགས། མཚམས་ཞུ། མདོ་སྨད་ཡུལ་ན་མདོ་སྔགས་བསྟན་པའི་བདག །བརྒྱུད་འཛིན་ཚོགས་ལ་རྒྱུད་ལུང་མན་ངག་སྦྱིན། །མགོན་མེད་འགྲོ་བའི་མགོན་སྐྱབས་ཟླ་མེད་ཁྱེད། །རྒྱལ་བའི་བསྟན་ལ་རྒྱལ་བ་གཉིས་པ་བཞིན། །འཆད་པའི་ངག་གིས་སྐལ་ལྡན་ཤེས་རྒྱུད་གྲོལ། །རྩོད་པའི་ཚེ་ན་ལོག་རྟོག་དྲ་རྒྱ་གཅོད། །རྩོམ་པའི་ལེགས་བཤད་གཡུང་དྲུང་བོན་བསྟན་དཔྱིད། །སྨྲ་དབང་ཉི་མ་བསྟན་དང་འགྲོ་བའི་དཔལ། །ལུང་རྟོགས་བསྟན་པའི་གདུགས་དཀར་ལེགས་འཁྱིར་བས། །མ་རྟོགས་སེམས་ཅན་ཐར་བའི་གྲིབ་བསིལ་དུ། །བཀྲིད་ལ་མཁས་པ་ཁྱེད་ཀྱི་མཛད་བཟང་ལས། །ལྷག་པ་རྒྱལ་བ་རྣམ་ལའང་ཅང་ཡོད་དམ། །བསྟན་དང་འགྲོ་ལ་སྨན་པའི་འཁུར་བསྣམས་ཏེ། །བཤད་དང་སྒྲུབ་པའི་རྒྱལ་མཚན་མཐོར་སྒྲེང་པས། །རིས་ཅན་ཕལ་གྱི་སྙིང་ལ་གཟན་སྲིད་ཀྱང༌། །ལས་འཕྲོ་བོན་ལ་ཡོད་རྣམས་སྐལ་པ་རུ། །རྒྱལ་བ་གཉིས་པ་མཉམ་མེད་བླ་མ་ཡི། །རིང་ལུགས་འཁྲུལ་མེད་བཤད་སྒྲུབ་སྲོལ་བཟང་དང༌། །ཕྱི་ནང་གསང་གསུམ་གཞུང་གི་ལག་ལེནསོགས། །རིག་གཞུང་ཀུན་ལ་ལྗགས་རྩོམ་གནང་བར་མཛོད། །ཁྱད་པར་རང་རེ་མདོ་སྨད་བྱང་རྒྱུད་དུ། །གཡུང་དྲུང་བོན་གྱི་བསྟན་པ་དར་ཚུལ་དང༌། །དེ་འཛིན་སྐྱེས་ཆེན་རྣམས་ཀྱི་ལོ་རྒྱུས་ཀྱི། །མུ་ཏིག་ཕྲེང་བ་རྗེས་འཇུག་རྒྱན་དུ་སྩོལ། །རང་དོན་ཐོས་བསམ་དབྱིག་བཟང་གྱ་ནོམ་པ། །གཞན་དོན་འཆད་རྩོད་རྩོམ་པའི་རྒྱུ་ཁོ་ནར། །དགོངས་ནསབསྟན་ལ་མཛད་རྗེས་ཞོག་ཅེས་པ། །སངས་རྒྱས་ཀ་ཁ་ལགས་པས་ཞུ་ཅི་འཚལ། །སླད་མའི་ཆར་ཡང༌། །འགྲོ་ཁམས་མོས་པ་རལ་བའི་ཟུར་ཕུད་ལ། །སྙིང་རྗེའི་དྲི་བསུང་ཐུལ་བའི་ཞབས་པད་མོ། །རྒྱན་དུ་བཞད་པ་གཡོ་བ་མེད་ངོས་ནས། །ཉམ་ཆུང་བདག་ཀྱང་རྗེས་སུ་འཛིན་པར་ཞུ། །ཟབ་ཟབ་གདམས་པས་ཡོངས་བཟུང་བསླབ་བྱ་གང༌། །སྙན་སྙན་ངག་གི་ལམ་ནས་ཚིགས་བཅད་དུ། །འགྲིག་འགྲིག་སྡེབ་ལེགས་དོན་བཟང་བཀའ་ཡིག་དེ། །རིག་རིག་འདྲེན་བྱེད་ལམ་དུ་སླེབས་མ་ཐག །སེམས་པ་ཧ་རི་ཙན་དན་འཁྲི་ཤིང་ཉིད། །དགའ་བ་ལྷོ་རླུང་གཞོན་ནུས་བསྐྱོད་པའི་མོད། །འཕྲིན་པ་བསུང་ཞིམ་སུས་ཀྱང་འགོག་མེད་དུ། །ལག་སོར་མ་ལ་ཡ་ཡི་ཚལ་ནས་འཕོས། །བདག་ལྟའི་ངག་ནས་ཚིག་སྦྱོར་ཕུན་ཚོགས་ཀྱི། །འཕྲིན་ཡིག་ཚད་ལྡན་ཡོང་བ་དཀའ་མོད་ཀྱི། །བཀའ་འཕྲིན་བསྩལ་པའི་ལན་འདི་ཡ་རབས་པའི། །རྗེས་སུ་འབྲེངས་ནས་ཕུལ་བ་རེ་ཞིག་ལགས། །

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།