སྙན་ཚིག་དད་པའི་རོལ་མོ།

སྙན་ཚིག་དད་པའི་རོལ་མོ།
རྩེ་ཞིག་ཚང་༧ཤེས་རབ་བསྟན་པའི་ཟླ་བ།

སྐྱབས་རྗེ་རྒྱལ་བ་སྨན་རི་བ་ཆེན་པོ༧མཁན་ཆེན་
ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེའི་ཞབས་
ལ་བསྔགས་པ་སྙན་ཚིག་དད་པའི་རོལ་མོ། །

རྒྱལ་ཆེན་ཤེ༵ས་བྱ་བདེན་གཉིས་རྟོགས་དཀའི་གནད། །
གསུང་ར༵བ་བྱེ་བའི་དགོངས་དོན་འཁྲུལ་མེད་དུ། །
ལེགས་འདོམས་གྱེར་བསྟན་རྒྱ༵ལ་མཚ༵ན་ས་གསུམ་ན། །
མངོན་མཐོ་ཀུན་མཁྱེན་བླ་མ་གཙུག་ན་རྒྱལ། །

མདོ་སྔགས་འགལ་མེད་བསྟན་པའི་ཞིང་ས་མཛེས། །
བཤད་སྒྲུབ་གཉིས་མཉམ་དཔག་བསམ་རྣམ་པར་རྒྱལ། །
བསླབ་གསུམ་རིན་ཆེན་མ་དྲོས་འཁྱིལ་བའི་མཚོ། །
རྒྱལ་བ་གཉིས་པའི་རིང་ལུགས་སླར་ཡང་དྲན། །

ཟབ་དོན་གནད་ཀྱི་གདམས་པས་རང་རྒྱུད་ཕྱུག །
ཟབ་མོའི་དེ་ཉིད་སྨྲ་ལ་རྒྱལ་གཤེན་དངོས། །
ཟབ་རྒྱས་བོན་གྱིས་འཁོར་བའི་འཇིགས་པ་འཕྲོགས། །
ཟབ་གསང་བདག་ཉིད་སྨན་རིའི་ཁྲི་འཛིན་རྒྱལ། །

རིང་ནས་དག་པས་ཐུགས་སྟོབས་སྐྱ་རེངས་ཀྱིས། །
ཉེར་དྲངས་མཚན་དཔེ་མཛེས་སྐུ་རྟ་བདུན་དབང་། །
བསྟན་འགྲོའི་བསོད་ནམས་མཁའ་ལ་རྟག་རྩེན་པས། །
བོན་འབངས་ཤིས་པའི་ཟེར་བརྒྱ་ཕྱོགས་སུ་བརྡལ། །

ཐོས་པས་གཞུང་བརྒྱ་གང་གཱ་ལྟོ་བར་བསྐྱིལ། །
བསམ་པས་ཚུལ་གསུམ་དེ་ཉིད་སྤུ་རིས་བཀྲ། །
སྒོམ་བྱུང་ཤེས་རབ་རྣམ་དཔྱོད་སྡེར་ཁྱིམ་བགྲད། །
བཤེས་གཉེན་རྒྱ་སྟག་གླིང་མཆོག་འཛམ་བུའི་རྒྱན། །

ལྟ་བ་རྣམ་དག་རྒྱལ་བ་སྨན་རིའི་ལུགས། །
སྒོམ་པ་ཡེ་སྟོང་འཁོར་འདས་སེམས་སུ་གྲོལ། །
སྤྱོད་པ་གཙུག་གཤེན་རྒྱལ་བའི་རྗེས་འགྲོ་བའི། །
ལྟ་སྒོམ་སྤྱོད་པ་མཆོག་གྱུར་རྗེ་ཁྱོད་རྨད། །

དཀྱིལ་འཁོར་ཞི་ཁྲོ་རྒྱ་མཚོའི་དབང་བཞི་རྫོགས། །
ཐེག་གསུམ་སྒོ་བཞི་མཛོད་ལྔའི་ལུང་རྒྱུན་འཛིན། །
ཟབ་ལམ་མན་ངག་ཐབས་ཆེན་མདུད་རྒྱ་གྲོལ། །
དོན་གཉིས་ལྷུན་གྲུབ་འགྲོ་འདྲེན་བླ་མ་རྒྱལ། །

ཕྱི་རུ་སོ་སོ་ཐར་བའི་རྩ་བ་བརྟན། །
ནང་དུ་རིམ་གཉིས་སྟོང་གསལ་ལྷ་སྐུར་ཤར། །
གསང་བ་བྱང་ཆུབ་རྒྱལ་སྲས་ཐུགས་མཆོག་ལྡན། །
སུམ་ལྡན་གཡུང་དྲུང་འཆང་བའི་དཔོན་སློབ་རྨད། །

བཀའ་པོད་རྣམ་ལྔའི་རི་ལ་གནས་བཅའ་ཞིང་། །
རྒྱུད་ཆེན་སྡེ་བཞིའི་གཡུ་རལ་མཁའ་ལ་རྫོགས། །
སེམས་ལུང་མན་ངག་ལུང་རིགས་རྒོད་པའི་སྒྲས། །
རྒྱལ་བསྟན་རྒྱས་མཛད་བཤེས་གཉེན་གདོང་ལྔར་འདུད། །

མི་མེད་དབེན་སར་ཏིང་འཛིན་སྤྲིན་ཆར་ཕབས། །
རྒྱལ་བསྟན་གླིང་བཞིར་མཁྱེན་དཔྱོད་འཁོར་ལོས་བསྒྱུར། །
ཀུན་བཟང་སྤྱོད་པས་ཕན་བདེ་རྩ་ལག་མཆོག །
གཡུང་དྲུང་བསྟན་པ་སྨག་རུམ་མནལ་ལས་བསླང། །

འདི་ན་གཙུག་ལག་ཁང་དང་བཤད་སྒྲུབ་སྡེ། །
མཁས་རྣམས་མགུ་བའི་ལེགས་བཤད་རོལ་མོའི་རྒྱུན།
འཁོར་ལོ་གསུམ་གྱི་ལྟད་མོ་མ་ཉམས་པ། །
ཁྱེད་ཐུགས་དགེ་བའི་བཀའ་དྲིན་ཁོ་ནར་མཐོང་། །

བསམ་བློ་ཀུན་སྤྱོད་དེང་རབས་སློབ་གསོ་དང་། །
ཕུལ་བྱུང་ཚན་རིག་འཇིག་རྟེན་རྩེར་སོན་པའི། །
འགྲན་མེད་སྟོབས་ལྡན་རྒྱལ་ཁབ་མཐའ་ཀླས་པར། །
གྱེར་བསྟན་རིན་ཆེན་རྔ་སྒྲས་ཁྱད་མཛད་རྗེེ། །

སྐྱེ་བའི་སྐྱེ་བར་བསྟན་དོན་འབའ་ཞིག་གཉེར། །
མཛད་འཕྲིན་མཛད་བཟང་མཁས་བཙུན་རྣམ་ཐར་བསྐྱངས་། །
ཐུགས་སྟོབས་ཐུགས་རྗེ་རྣམ་མང་འགྲོ་ལ་འཇུག །
སྨན་སློབ་སྨན་མཆོག་ལྗོན་པ་བསྟན་འགྲོའི་དཔྱིད། །

སྙན་སྙན་འཛམ་གླིང་གནས་ཆེན་འཕགས་ཡུལ་དུ། །
བརྗིད་བརྗིད་གྱེར་བསྟན་ནོར་བུའི་གླིང་མཆོག་བསྐྲུན། །
ངེས་ངེས་ཟབ་དོན་དབྱིག་གི་གཏེར་ཆེན་བརྡོལ། །
ལེགས་ལེགས་བཀའ་དྲིན་ལྕི་འོ་གཏན་གྱི་སྐྱབས། །

མགོན་ཁྱེད་གདོད་ནས་མངོན་པར་སངས་རྒྱས་པས། །
སྲིད་ཞིའི་འཇིགས་པ་ཀུན་ལས་རྣམ་རྒྱལ་ཡང་། །
བདག་སོགས་ལྟོས་བཅས་འགྲོ་བའི་གཙུག་རྒྱན་དུ། །
ཞབས་ཟུང་བསྐལ་པ་རྒྱ་མཚོར་རྟག་བཞུགས་ཀྱེ། །

སྐྱོན་ཟད་མཁྱེན་བརྩེ་ནུས་པའི་ཡོན་ཏན་རྫོགས། །
ལུས་ཅན་སྒྲིབ་སེལ་ངེས་ལེགས་སྒོ་འཕར་འབྱེད། །
ཐེག་གསུམ་ས་ལམ་ཉམས་རྟོགས་མཛོད་བརྒྱའི་གཏེར། །
མཆོག་གསུམ་ཀུན་འདུས་བླ་མར་བདག་འདུད་དོ། །

མཐའ་མེད་འཁོར་བ་དུག་གི་མཚོ་གླིང་ན། །
ངེས་མེད་སྡུག་བསྔལ་གདོན་གྱིས་མི་གཏོང་བར། །
གཏད་མེད་ཤེས་རྟོག་ཡན་པར་རྒྱུ་བའི་བུས། །
ལྡོག་མེད་དད་པའི་སྒོ་ནས་འདི་བྱས་སོ། །

༢༠༠༨ ༡༠ ༢༥ ཉིན། རི་བོ་རྩེ་ལྔ་ནས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།