གླིང་བཞི་ཤིག་ཤིག་གཡོ་བའི་མཛད་འཕྲིན།

གླིང་བཞི་ཤིག་ཤིག་གཡོ་བའི་མཛད་འཕྲིན།
བསོད་ནམས་གཡུང་དྲུང་།

༧ རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ༧སྐྱབས་རྗེ༧ལུང་རྟོགས་བསྟན་པའི་ཉི་མ་
རིན་པོ་ཆེ་དགུང་གྲངས་བརྒྱད་ཅུར་ཕེབས་པ་ལ་ཕུལ་བའི་བཀྲ་ཤིས་ལྷ་དར་དཀར་པོ།
བཀྲ་ཤིས་གང་ཞིག་ཚོགས་གཉིས་རྒྱ་མཚོའི་གོས་ཅན་ཡངས་པོ་ལས་འཁྲུངས་ཤིང་། །
བཀྲ་ཤིས་གང་ཞིག་སྤངས་རྟོགས་ཕུན་ཚོགས་ཡལ་འདབ་ཁོ་ལག་རབ་རྫོགས་པ། །
བཀྲ་ཤིས་གང་ཞིག་མཁྱེན་བརྩེ་ནུས་པའི་གྲིབ་བསིལ་སྣུམ་པོ་གླིང་བཞིར་ཁྱབ། །
བཀྲ་ཤིས་གང་ཞིག་ཐམས་ཅད་མཁྱེན་པའི་གཤེན་རྒྱལ་དཔག་བསམ་དབང་པོར་འདུད། །
དུས་གསུམ་རྒྱལ་བའི་གསང་གསུམ་བཀྲ་ཤིས་བརྩེ་ཆེན་རྦ་རླབས་གཡོ་བ་ལས། །
མ་ལུས་འགྲོ་བའི་མགོན་དུ་བཀྲ་ཤིས་སྙིང་རྗེའི་ཕྱག་གིས་བཏང་ངེས་པའི། །
རྒྱལ་བ་སྨན་རིའི་བཀྲ་ཤིས་གསེར་གྱི་ཁྲི་འཕང་མཐོན་པོར་གནས་བཅས་ཏེ། །
མདོ་སྔགས་ཟུང་འབྲེལ་བོན་བསྟན་བཀྲ་ཤིས་སྤེལ་བའི་བདག་ཉིད་ཆེ་རྣམས་བསྔགས། །
སྟོབས་བཅུ་མངའ་བ་ཀུན་གྱི་བྱིན་རླབས་ཆར་རྒྱུན་བར་མེད་འཇོ་བའི་ཡུལ། །
གངས་ཅན་ཉི་མ་ཤར་གྱི་ཕྱོགས་སུ་དུས་རབས་ཉི་ཤུའི་ནང་བལྟམས་པའི། །
མཚན་དཔེའི་གཟུགས་སྐུ་ཉི་མ་གཞོན་ནུ་མཚམས་སྤྲིན་གོས་ཀྱིས་ཉེར་ལྕིབས་ནས། །
ངེས་འབྱུང་རྒྱ་མཚོའི་གྲུ་གཟིངས་བསྐྱོད་ཏེ་གཡས་རུ་གཙང་གི་འདུ་གནས་བསྙེགས། །
རང་དོན་ཐོས་བསམ་སྒོམ་ལ་བྲེལ་ནས་མཚན་ཡང་ཉིན་བཞིན་འབད་པ་ཡིས། །
རྣམ་མང་བོན་སྒོ་རྒྱ་མཚོའི་གླིང་ནས་གོ་རྟོགས་ནོར་བུ་ཅི་འདོད་བླངས། །
རབ་འབྱམས་དགེ་བའི་བཤེས་ཀྱི་ཅོད་པན་རྒྱན་དུ་གསོལ་ནས་གཞན་དོན་དུ། །
འཆད་རྩོད་རྩོམ་པའི་བོན་འཁོར་བསྐོར་བ་གདུང་སོབ་སྟོན་པ་གཉིས་པར་འཁུམས། །
བར་ལམ་དུས་ཀྱི་དཀྱོགས་མཚམས་དེ་རུ་ཐུགས་སྟོབས་མི་ཉམས་གཤོག་པའི་རླབས། །
ཀེ་ལ་ཤ་ཡི་ལྷོ་རུ་བསྒྱུར་ཏེ་དཀའ་བ་བརྒྱ་ཕྲག་དང་བླངས་ནས། །
བོན་གྱི་འདུ་གནས་ཐོབ་རྒྱལ་གསར་པའི་ངོ་མཚར་མཛེས་སྡུག་རི་མོ་འདི། །
སྐྱབས་རྗེ་དཔོན་གཡོག་སྐུ་འཁོར་བཅས་པའི་རྔུལ་ཆུའི་ཐིགས་པ་བསགས་ནས་བསྐྲུན། །
ལུང་རྟོགས་བསྟན་པའི་དགའ་ཚལ་སྐྱོང་ལ་ཐུགས་རྗེ་ཉི་མ་ཤར་རོ་ཞེས། །
ལྷ་དང་སྲུང་མའི་ལུང་གིས་བསྐུལ་ནས་རྒྱལ་བ་གཉིས་པའི་གསེར་ཁྲི་ལ། །
གང་གི་ཞབས་ཟུང་བཀྲ་ཤིས་ཟེར་མ་ལམ་ལམ་གཡོ་བ་མངོན་བཀོད་ནས། །
བཤད་དང་སྒྲུབ་པའི་རྒྱལ་མཚན་མཐོན་པོ་འཛམ་གླིང་རིགས་ལྡན་དཔལ་དུ་བསྒྲེངས། །
རྨད་བྱུང་གཞན་ཕན་ཐུགས་བསྐྱེད་རུམ་ཁ་ཀུན་ཁྱབ་མཐོངས་བཞིན་ཡོངས་ཕྱེ་ནས། །
དམར་ཆུང་སྙིང་གི་གདམས་པ་ཟབ་མོ་མདོ་སྔགས་རྫོགས་ཆེན་སྤྲིན་གྱི་བཅུད། །
རིས་མེད་སྐལ་ལྡན་ཞིང་སར་སྦྲེང་བས་སྨིན་གྲོལ་མྱུ་གུ་འབྱམས་ཀླས་པ། །
ཨེ་མ་འདི་ཡིས་འོལ་མོ་ལུང་རིང་སྐྱེངས་པའི་གནས་སུ་བཀོད་མིན་ནམ། །
ལྷག་བསམ་དཀར་པོའི་གངས་ནས་འབབ་པའི་བོན་སྦྱིན་དལ་འགྲོ་རིང་མོའི་རྒྱུན། །
ཟླུམ་གཟུགས་གོ་ལའི་ཁྱོན་ལ་རིན་ཆེན་གསེར་བཞིན་བྲིན་པའི་དགེ་མཚན་གྱིས། །
དེང་ཆར་གཡུང་དྲུང་བསྟན་པའི་དབུ་འཕང་དགུང་དུ་སྤོར་བའི་ལེགས་མཛད་འདི། །
སྙིགས་མའི་འདྲེན་པ་གང་ཁྱོད་འཁོར་ལོ་གསུམ་གྱི་དཔལ་ལ་རོལ་བའི་དྲིན། །
འགྲོ་མང་རེ་ལྟོས་ཁུར་འདེགས་བསྣམས་ནས་བརྒྱད་ཅུའི་བགྲང་བྱར་སླེབས་ན་ཡང་། །
མི་འགྱུར་དམ་བཅའ་བརྟན་པོའི་གཡུང་དྲུང་ཐུགས་གསང་འོ་མའི་ཀློང་དུ་བཀོད། །
དམན་ས་བཟུང་ནས་འདུས་པ་རྒྱ་མཚོར་ཞབས་འདེགས་སྒྲུབ་པའི་རྣམ་ཐར་དེ། །
མི་བརྗེད་སེམས་ཀྱི་བསླབ་བྱ་ཟབ་མོ་འདི་ཕྱིར་སྨན་པའི་བང་མཛོད་ལགས། །
དེ་ལྟར་རྐང་གཉིས་གཙོ་བོ་སླར་ཡང་མི་རུ་སྤྲུལ་བཞིན་མཛད་པའི་མཐའ། །
སོ་སོ་སྐྱེ་བོའི་བསམ་བརྗོད་ཡུལ་ལས་རིང་དུ་འདས་ཕྱིར་སྤྲོས་པ་བསྐྱུངས། །
གང་གི་སྐུ་ཚེ་མཛད་འཕྲིན་མཐར་ཕྱིན་བརྒྱད་ཅུའི་དགུང་སྟོན་ཆེན་མོ་ལ། །
ལྷག་བསམ་གངས་རིའི་མདངས་ལ་འཁུ་བའི་ཤིས་བརྗོད་ལྷ་དར་གུས་པས་བཏེགས། །
བཀྲ་ཤིས་གང་ཞིག་ལུང་དང་རྟོགས་པའི་བདག་ཉིད་དགའ་ཚལ་རབ་བཞད་པར། །
བཀྲ་ཤིས་གང་ཞིག་བསྟན་པའི་སྙིང་པོ་བཤད་དང་སྒྲུབ་པའི་ལང་ཚོ་རྒྱས། །
བཀྲ་ཤིས་གང་ཞིག་ལེགས་པར་སྐྱོང་བའི་བརྩེ་ཆེན་ཉི་མ་ནམ་ཡང་ཤར། །
བཀྲ་ཤིས་གང་ཞིག་གསེར་གྱི་ཁྲི་ལ་སྐུ་ཚེ་རྒྱལ་མཚན་བརྟན་པར་ཤོག །
ཅེས་སྙིགས་མའི་དུས་ཀྱི་འདྲེན་པ་ས་གསུམ་ན་འགྲན་ཟླ་ཡོངས་སུ་བྲལ་བའི་རྒྱལ་བ་སྨན་རི་བ་ཆེན་པོའི་རྒྱལ་ཚབ༧སྐྱབས་རྗེ༧ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་དགུང་གྲངས་བརྒྱད་ཅུར་ཕེབས་པའི་ཤིས་བརྗོད་དུ། མདོ་སྨད་བྱང་ཁའི་རྒྱུད་ཀྱི་རེབ་གོང་བོན་མང་ཕུར་ཐོགས་སྟོང་དང་དགུ་བརྒྱའི་དྲུང་ཡིག་ཆེན་མོའི་མིང་ཙམ་འཛིན་པ་བསོད་ནམས་གཡུང་དྲུང་གིས་གནམ་ལོ་ས་ཕོ་བྱི་བའི་སྟོན་འབྲིང་ཟླ་བའི་ཚེས༢༧ལ་གུས་ཕུལ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།