རྟེན་འབྲེལ།

རྟེན་འབྲེལ།
ས་ཁའི་བློ་ལྡན།

འཆོས་པའི་ཆོས་རིག་ལྷག་མཐོང་ལྟ་བའི་ཡང་རྩེར་འཕགས་པའི་གྲུབ་མཐའི་སྲོལ། །
བློ་དང་མཐུན་པར་འབྱེད་པའི་སྒྲོན་མ་རྣམ་འདྲེན་སྟོན་པ་བརྒྱད་པར་འདུད། །

སྐུ་ཡི་སྐྱེ་པ་མི་རུ་གཟིགས་པའི་བསླུ་མེད་རྣམ་རོལ་སྤྲུལ་བའི་སྐུ། །
རྒྱལ་བསྟན་ནོར་བུའི་འབྱུང་བའི་བསྟི་གནས་སྨན་རིའི་ཁྲི་འཛིན་གཙུག་ན་རྒྱལ། །

མཉམ་མེད་བླ་མའི་མཛད་འཕྲིན་འོད་དཀར་གངས་རྒྱལ་ཏི་སེའི་ལྗོངས་སུ་ཁྱབ། །
ཞལ་སློབ་བྱེ་བའི་རྣམ་དཔྱོད་གཙང་ཆབ་མ་ཕམ་གཡུ་ཡི་མཚོ་མོར་སིམ། །

གྲགས་པའི་གཡུ་འབྲུག་རྒྱལ་པོའི་རང་སྒྲ་དཔྱིད་ཀྱི་དཔལ་མོའི་དུས་སུ་འཁྲོལ། །
ཉམ་ཐག་འགྲོ་བར་སྙིང་རྗེ་འབྱོངས་པའི་སྐྱོ་ཤས་སྤྱན་ཆབ་ས་རུ་ལྕིད། །

ལུང་རྟོགས་ཉི་ཟླའི་གཟི་བྱིན་དཀྱིལ་འཁོར་ཐུགས་དགོངས་གསལ་མོའི་ཕྱག་ན་འཛིན། །
མདོ་སྔགས་ཐེག་པའི་རི་རབ་ལྷུན་པོ་སངས་རྒྱས་བསྟན་པའི་རྒྱལ་སར་བསླངས། །

ཞབས་ཀྱི་འཁོར་ལོ་བསྒྱུར་བའི་ཞིང་དུ་ཐུགས་མཐུན་གཙང་མའི་བསླབ་པ་བཙུན། །
དབང་ལུང་བདུད་རྩིའི་མེ་ཏོག་འཁྲུངས་སར་སྐལ་བཟང་བུང་བ་མངོན་སངས་རྒྱས། །

གང་སྐུ་གསེར་གྱི་ལྗོན་ཤིང་ཡལ་འདབ་བརྒྱད་ཕྲག་བཅུ་ཡི་གྲིབ་བསིལ་གྱིས། །
ཚ་བས་གདུང་བའི་མྱ་ངན་སྐྱེ་འགྲོ་བདེ་ཆེན་གྲོང་དུ་འཇུག་པར་ཤོག །

གང་གསུང་ཚངས་བའི་བོན་དབྱངས་རང་སྒྲ་སྲིད་གསུམ་སྒྲོག་པའི་བྱིན་བརླབས་ཀྱིས། །
མཚན་དགུང་སྐར་མའི་གྲངས་ལས་འགོངས་པའི་དགེ་འདུན་ས་སྟེང་བཀང་བར་ཤོག །

གང་ཐུགས་རྒྱ་ཆེན་གཡུ་མཚོའི་རླབས་སྒྲ་ཤུགས་ཀྱིས་འཕྱོ་བའི་ཉམས་འགྱུར་གྱིས། །
རང་གཞན་གྲུབ་མཐའི་མདོ་སྔགས་གཞུང་ལུགས་བསྐལ་བའི་བསྐལ་བར་འཕེལ་རྒྱས་ཤོག །

ཅེས་སྐྱབས་རྗེ་སྨན་རིའིཁྲི་འཛིན་རིན་པོ་ཆེས་དགུང་ལོ་བརྒྱད་ཅུའི་རིང་བསྟན་པའི་སྤྱི་དོན་ཕྲག་པར་བླངས་པའི་དགོངས་བཞེད་འགྲོ་བའི་ཆེད་དུ་སྨིན་པར་བྱུང་བའི་འཛད་འཕྲིན་དཀར་བོར་རྗེས་སུ་ཡི་རངས་བགྱི་བཞིན་དུ་བྲིས་པ་ཐ་ཚན་མུ་ཙུག་སྨར་རོ།། 

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།