དད་གསུམ་གྱི་ཀློང་ལས་འཕྲོས་པའི་དུངས་སེམས་ཀྱི་དབྱངས་རྟ།

དད་གསུམ་གྱི་ཀློང་ལས་འཕྲོས་པའི་དུངས་སེམས་ཀྱི་དབྱངས་རྟ།
ཁྲི་གཡུང་དྲུང་།

༧ རྒྱ་འོབས་ཁྱུང་མོ་བསྟན་འཛིན་དབང་གི་རྒྱལ་པོའི་བརྒྱད་ཅུའི་འཁྲུངས་སྐར་ལ་ཕུལ་བ།

གདོད་ནས་བསྐལ་བ་གྲངས་མེད་གསུམ་ལ་རླབས་ཆེན་ཚོཌ་གཉིས་བསགས་པའི་མཐུས། །
བདེ་ཆེན་ཀུན་ཏུ་འོད་ཀྱི་ས་ལ་ཟག་མེད་ཡེ་ཤེས་སྐུར་བརྙེས་ཀྱང༌། །
དཔག་མེད་འགྲོ་བ་ཐབས་ཀྱིས་བཀྲིད་ཕྱིར་མ་ངེས་སྤྲུལ་བའི་སྐུར་མཛད་པ། །
ཁྱུང་མོང་བསྟན་འཛིན་དབང་གི་རྒྱལ་པོར་བཅོས་མིན་དད་པས་སྙིང་ནས་བསྔགས། །

རི་བོ་ཆུ་ཕྲན་སྟོང་ཕྲག་བརྒལ་བའི་ཧི་མ་ལ་ཡའི་ཕར་འགྲམ་གྱི། །
བསིལ་ལྡན་ཁ་བ་གངས་ཅན་ལྗོངས་ཀྱི་མདོ་སྨད་ས་ཡི་ལྟེ་བ་ན། །
ཡབ་རྗེ་བླ་མའི་བརྒྱད་ཅུའི་དགའ་སྟོན་བཀྲ་ཤིས་སྟོང་གི་དགེ་མཚན་ཅན། །
གྲགས་པའི་བ་དན་སྲིད་ན་གཡོ་བར་དགའ་བས་བསྟོད་དབྱངས་ཅི་ཡང་སྤྲོ། །

ཉོན་མོངས་དུག་གི་ཚང་ཚིང་ནགས་ན་ཝ་སྐྱེས་དམར་པོའི་ཆོ་འཕྲུལ་རྒོད། །
རྩོད་ལྡན་སྙིགས་མའི་རླུང་འཚུབ་ཁྲོད་དུ་རྒྱལ་འགོང་གདོན་ཁ་དར་དུས་དེར། །
གདོང་དམར་བོད་པའི་བསོད་ནམས་སྟོབས་ཀྱིས་རྔ་ལྗོངས་གཡང་གི་ར་བ་ནས། །
གང་སྐུ་མཚན་དཔེའི་ཉི་མ་གཞོན་ནུ་རིས་མེད་འགྲོ་བའི་དཔལ་དུ་འཛུམ། །

སྔོན་གོམས་རྣམ་དཀར་བག་ཆགས་བཟང་པོས་ཟབ་མོའི་གནས་ལ་ཆགས་ཐོགས་བྲལ། །
ཚུལ་ཁྲིམས་རྣམ་དག་བསྟན་པའི་སྲོག་ཤིང་སོ་ཐར་བསླབ་པའི་ངང་ཚུལ་བཙུན། །
གཞན་ཕན་ཐེག་ཆེན་སྙིང་རྗེ་ཟབ་མོ་བརྩེ་ཆེན་དཀར་གསལ་ཟླ་བའི་འཛུམ། །
རྒྱ་ཆེན་ཚོགས་གཉིས་རྫོགས་པའི་འབྲས་བུ་ངེས་པ་ལྔ་ལྡན་སྤྲུལ་བའི་སྐུ། །

སྤྱི་མཐུན་ལས་ཀྱི་བར་ཆོད་མིན་ནམ་དུས་ཀྱི་རླུང་ནག་ལྡང་བའི་ཁྲོད། །
རྣམ་དག་གཙང་མའི་ངང་སེར་ཕལ་ཆེར་མ་དག་འཁོར་བའི་འདམ་ལ་བྱིང༌། །
གསང་བའི་དམ་ཚིག་ཤེལ་གྱི་སྒོ་ང་མ་དབང་མཁྲེགས་པོའི་རྡོ་ལ་བརྡབས། །
བསླུ་མེད་དམ་པ་ཁྱེད་ཀྱི་རང་གཤིས་བསྲེགས་བཅད་བརྡར་བའི་བཙོ་མ་བཞིན། །

དེང་རབས་སྤྲུལ་བའི་སྐུ་ལོ་ཕལ་ཆེར་གཤིན་རྫས་དཀོར་ནག་དུག་གིས་མྱོས། །
ཀི་སྒྲ་ངར་མའི་དགེ་བཤེས་འགའ་ཞིག་ང་རྒྱལ་དུག་གིས་སྨྱོ་ལ་ཁད། །
སེར་མོ་ལ་ལས་སྤྱི་ཚོགས་ཁྲོད་ལ་གཡོ་སྒྱུ་སྟོང་གིས་མགོ་བོ་དཀྲུགས། །
ལྷད་མེད་སྤྲུལ་བའི་སྐུ་མཆོག་ཁྱེད་འདྲ་སྲིད་མཐའ་ཙམ་ཞེས་ཚིག་ཐག་ཆོད།

ཕྱི་ནང་རྐྱེན་ངན་དྲག་རླུང་རྒོད་པོས་གཡུང་དྲུང་སྐུ་ལ་སྒུལ་ཤུགས་བྲལ། །
མི་སྙན་ཚིག་གི་མཚོན་ཆར་སྣུན་ཡང་མ་ཁྲོས་བཟོད་པའི་གོ་ཆ་བགོས། །
མ་རུང་བདུད་སེམས་ཕྱོགས་རིས་ཅན་ཚོས་སྐུ་ངལ་སྣོན་མ་སྦྱར་ན་ཡང༌། །
མ་དག་སྦྲུལ་གྱི་ཚང་དུ་མ་ལྷུང་རྒྱལ་སྲས་གཙུག་གཤེན་རྒྱལ་བ་བཞིན། །

མུན་པ་ནག་པོའི་འཇིག་རྟེན་དེ་ལ་གཤེན་བསྟན་གསལ་བའི་སྒྲོན་མེ་སྦར། །
མུ་གེས་འཆི་བའི་སྤྱི་ཚོགས་ཁྲོད་ལ་སྦྱིན་གསུམ་བདུད་རྩིའི་ཆར་བ་བསྙིལ། །
སྒྱུ་འཕྲུལ་འཁོར་བའི་ལོངས་སྤྱོད་སྣ་ཚོགས་བདེན་མེད་དོན་གྱིས་གནད་དུ་གཟིགས། །
ཡང་དག་བདེན་པའི་གཤིས་ལུགས་འདི་ལ་དད་གསུམ་མཆི་མ་ཁོང་ནས་སྐྱོམ། །

གང་སྐུ་ཆ་ཤས་ཕྲ་མོ་ཙམ་ཡང་སྐྱོན་གྱི་དྲི་མས་མ་བསླད་པས། །
རླབས་ཆེན་མཛད་འཕྲིན་དཀར་པོའི་འཕྲེང་ན་སྐྱོན་གྱི་ཆ་ཞིག་ག་ལ་མཆིས། །
བསོད་ཟད་ལྟས་ངན་ལྟ་ལོག་འགའ་ཡིས་ཚིག་གིས་ཚོགས་ངན་བསགས་ན་ཡང༌། །
བློ་ལས་འདས་པའི་མཛད་པ་འདི་དག་བདེན་པའི་སྙིང་པོར་གཅིག་ཏུ་བསྡུས། །

བླ་མེད་ལྟ་བའི་གདེང་ཚོད་ལྡན་པས་ཡང་རྩེ་ཐེག་པའི་རྒྱལ་ས་ཟིན། །
བདག་གཞན་གཉིས་ཀྱི་རིས་སུ་མ་ཤེས་སྙིང་རྗེ་སྙིང་པོའི་གཏེར་དུ་གྲུབ། །
འདིར་སྣང་ཞེན་པའི་བློ་མིག་ལྡོངས་པས་དྲང་སྲོང་དག་པའི་རྟུལ་ཞུགས་འཆང༌། །
ངལ་དུབ་བཙན་པོའི་ཚོར་བ་བརླགས་ཏེ་གྱེར་བསྟན་སྤེལ་བའི་འཕྲིན་ལས་ཅན། །

བྱང་ཆུབ་སེམས་ཀྱི་སྤྲིན་དཀར་ཀློང་ལས་གདུང་སེལ་གདམས་པ་ཆར་བཞིན་འཇོ། །
སངས་རྒྱས་བསྟན་དང་འགྲོ་བའི་དོན་ལ་ཉིན་མཚན་མེད་པར་རྟག་ཏུ་བྲེལ། །
སྣ་ཚོགས་འགྲོ་བའི་མོས་ཁམས་ཇི་བཞིན་གང་ལ་གང་འདུལ་ཐུགས་རྗེས་སྟོན། །
གཞལ་མེད་བཀའ་དྲིན་བསམ་ཞིང་བསམ་ཞིང་དྲན་པའི་ཚོར་རླབས་དྲག་ཏུ་འཕྱུར། །

རྩ་རླུང་འཕྲུལ་གྱི་གྲོང་འཇུག་གདམས་པའི་ཟབ་མོ་ཉམས་ལེན་ཕུལ་དུ་ཕྱིན། །
བདག་འཛིན་རང་གྲོལ་བདེ་སྟོང་ཟུང་འཇུག་འབྲས་བུ་སྐུ་གསུམ་ལྷུན་གྱིས་གྲུབ། །
ཚུར་མཐོང་མོས་ངོར་ཅིར་ཡང་སྐུ་སྤྲུལ་སྐྱབས་ཀྱི་དང་པོ་རྗེ་བླ་མ། །
བདག་སོགས་སེམས་ཅན་དམུན་པོའི་ཚོགས་རྣམས་བརྩེ་བ་ཆེན་པོས་རྗེས་སུ་ཟུངས། །

འདི་ནི་ཚུལ་འཆོས་གཡོ་ཟོལ་ཙམ་གྱི་དོན་ལ་སྟོང་བའི་ཚིག་སྦྱོར་མིན། །
དད་གསུམ་ཀློང་ལས་ཐོལ་གྱིས་ཤོར་བའི་དམ་ཚིག་ཟབ་པའི་གཏན་ཚིགས་ཡིན། །
སྙན་ངག་ཐར་ཐོར་ངག་ལ་བྱང་བའི་ང་རྒྱལ་ཅན་གྱི་ངང་ཚུལ་མིན། །
ལྷོ་ཕྱོགས་སྲིན་པོའི་གྲོང་མཐར་འཁྱམས་པའི་གཞོན་ནུ་ཞིག་གི་དུངས་སེམས་ཡིན།།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།