དམུ་ཐག་གི་རིགས་རྒྱུད་དྭངས་མའི་གཡུང་དྲུང་གི་བླ་སྲོག

དམུ་ཐག་གི་རིགས་རྒྱུད་དྭངས་མའི་གཡུང་དྲུང་གི་བླ་སྲོག
ཁྲི་གཡུང་དྲུང་།

༼སྐྱབས་ཀྱི་དང་པོ་ྋཡབ་རྗེ་བཀའ་དྲིན་ཅན་ྋཁྲི་འཛིན་སོ་གསུམ་པའི་བརྒྱད་ཅུའི་འཁྲུངས་སྐར་ལ་ཆེད་དུ་ཕུལ་བ།༽

བྱིན་རླབས་རྩ་བ་དཔལ་ལྡན་བླ་མ་དང༌། །
མཐུ་སྟོབས་རྩ་བ་ཁྲག་འཐུང་ཡི་དམ་སྡེ། །
འཕྲིན་ལས་རྩ་བ་ཡུམ་ཆེན་མཁའ་འགྲོའི་ཚོགས། །
རྩ་གསུམ་ཀུན་འདུས་ཡབ་རྗེ་བཀའ་དྲིན་ཅན། །

གཡུང་དྲུང་ས་ལམ་རིང་མོ་རིམ་གྱིས་བགྲོད། །
མཛད་འཕྲིན་སྟོང་གི་འོད་རླབས་ཤུགས་ཀྱིས་འཕྱོ། །
ལུ༷ང་རྟོ༷གས་མེ་ཏོག་འདབ་མ་དོག་ནས་དགོད། །
བསྟ༷ན་པ༷འི་ཉི༷་མ༷་གཞོན་ནུ་དགུང་ནས་སྤྲོ། །

བླ༷་ནས་མ༷་རིག་ཉོན་མོངས་ཚང་ནས་ཐ༷ར། །
ཤེ༷ས་ར༷བ་ཚུལ་ཁྲིམས་རྣ༷མ་པར་ད༷ག་པའི་སྡེ། །
སང༷ས་རྒྱ༷ས་བསྟ༷ན་པ་འཛི༷ན་པའི་རབ་འབྱམས་པ། །
ལུ༷ང་རྟོ༷གས་བསྟ༷ན་པ༷འི་ཉི༷་མ༷་དེང་འདིར་ཚེས། །

ཤར་དུ་བསོད་ནམས་ཟབ་མོའི་ཉེར་ལེན་མཐུས། །
བྱང་དུ་ལྔ་རིག་བདུད་རྩི་ཧུབ་ཀྱིས་མཆོད། །
ནུབ་ཏུ་ཞང་བོད་རིག་གཞུང་གསར་དུ་དྲངས། །
ལྷོ་རུ་བཤད་སྒྲུབ་བསྟན་པའི་སྡེ་ཆེན་བསྐྱངས། །

རྒྱལ་བློན་ཐུགས་ལ་འགོང་བོ་གདོན་གྱིས་བརླམས། །
དུན་ཙེ་སྟོང་གིས་གཡུང་དྲུང་དབུ་འཕངས་སྨད། །
བདུན་རྒྱུད་མ་བརླག་གྱེར་གཤེན་རྒྱང་དུ་སྤྱུགས། །
སྔ་རབས་བོན་ལ་ཕམ་ཉེས་འཇིགས་སུ་རུང༌། །

སྤྱི་མཐུན་ལས་ཀྱི་སྤྱི་ནོར་རྒྱལ་བའི་བསྟན། །
རླུང་དམར་འཚུབ་མས་རླུང་བཞིན་སྤུར་ན་ཡང༌། །
ཨ་མདོ་བ་ཁྱོད་ཨ་མའི་བུར་འཁྲུངས་པས། །
ཕྱི་རབས་པ་རྣམས་ཕྱི་ནང་ཀུན་ན་བདེ། །

མཚན་དཔེ་ཉི་མ་གངས་ལྗོངས་ཤར་ནས་འཛུམ། །
གདུལ་བྱའི་ཞིང་ས་འཕགས་པའི་ཡུལ་དུ་དམིགས། །
ལས་བཞིའི་འཕྲིན་ལས་སྨན་གྱི་རི་ནས་འབར། །
སྙན་པའི་བ་དན་གོ་ལའི་རྩེ་ན་གཡོ། །

གཤེན་བསྟན་གསེར་གྱི་ཉི་མའི་འོད་སྣང་ཡང༌། །
མ་བཟོད་ཕྲག་དོག་སྟོང་གི་འགོང་ལག་གིས། །
ཕྱི་ནང་ཀུན་ནས་ཡང་ཡང་སྒྲིབ་འདོད་པ། །
མགོན་ཁྱོད་ཞི་བའི་འཛུམ་གྱིས་སྐྱེངས་པར་བྱས། །

སྟེང་གི་ལྷ་ཡི་གཙུག་ཏོར་གཡས་སུ་གཟུར། །
འོག་གི་ཀླུ་ཡི་ཆོ་འཕྲུལ་ཤིན་ཏུ་རྩུབ། །
བར་གྱི་མགོ་ནག་ཀླད་པ་ཧ་ཅང་དམུན། །
རྗེ་ཁྱོད་ཐུགས་སྟོབས་མ་ཉམས་རྨད་དུ་བྱུང༌། །

བསླབ་གསུམ་རྣམ་པར་དག་པའི་གཞི་རྩ་མཁྲེགས། །
རྣམ་གསུམ་ཤེས་རབ་འདབ་ལོ་རབ་ཏུ་རྒྱས། །
གསང་གསུམ་ཡོན་ཏན་འབྲས་བུ་ཁུར་གྱིས་དུད། །
སྨན་གྱི་རི་ལ་དཔག་བསམ་ལྗོན་པ་བཞིན། །

གང་ཐུགས་མཁའ་གླང་གཡོ་བའི་ལྡིང་ཁང་ན། །
རིག་འཕྲུལ་རྣམ་དཔྱོད་གློག་གི་རྩེད་དགའ་འཁྱུག །
སྐལ་ལྡན་མདོངས་མཐའ་དགའ་བའི་གར་གྱིས་བྲེལ། །
སྨན་གྱི་རི་ལ་གཡུ་འབྲུག་དགོད་པ་བཞིན། །

ལྷོ་ཕྱོགས་ཚ་རླབས་འཕྱོ་བའི་ཡུལ་གྲུ་དེར། །
ཞང་བོད་ཡ་ཐོག་རིག་པའི་གཞུང་ལུགས་སོགས། །
གཙུག་ལག་སྟོང་ལྡན་འདབ་མ་གྲོལ་མཛད་པ། །
སྨན་གྱི་རི་ལ་དོན་གྱི་ཉི་མ་བཞིན། །

ཐུགས་བསྐྱེད་ཐབས་ཤེས་གློག་གིས་ཉེར་དྲངས་ཏེ། །
བྱེས་འབྱོར་བོན་ཕྲུག་སྟོང་གི་བདེ་རྩ་ལ། །
ངལ་མེད་འཕྲིན་ལས་སྐྱོང་བའི་ཐུགས་སྟོབས་ཅན། །
སེམས་བསྐྱེད་མཁན་པོ་ཁྱེད་ལས་གཞན་མ་དམིགས། །

མ་རུང་དུག་ལྕེ་ནག་པོ་རྒྱབ་ཏུ་གཡོ། །
མ་རིག་དུག་ཚེར་ནག་པོ་མདུན་དུ་གཟེངས། །
མ་རབས་བསྟན་དགྲ་ནག་པོ་ཟུར་དུ་འཚང༌། །
མ་ཁྲོས་བཟོད་པའི་གོ་གྱོན་རྒྱལ་བའི་སྲས། །

དེང་རབས་ཚན་རྩལ་རིག་པའི་འཕྲུལ་དང་ལྡན། །
ཕྱི་ནང་སྐད་རིགས་ཀུན་ལ་མཁྱེན་དཔྱོད་ལྡན། །
རིས་མེད་གྲུབ་མཐའ་ཀུན་ལ་དག་སྣང་ལྡན། །
ཨ་མའི་བུ་རུ་འཁྲུངས་པ་གོང་ཐང་ལྡན། །

གསོ་བྱེད་ལྷུན་པོའི་ཕྲག་གི་རྟ་བདུན་དབང༌། །
ལོ་འཁོར་བརྒྱད་ཅུ་འཁོར་བའི་རྟེན་འབྲེལ་ལ། །
རིག་བྱེད་སྙན་ཚིག་ངག་གིས་བསྟོད་པའི་བུ། །
བདག་སོགས་སྐལ་ལྡན་བསོད་ནམས་ཆེ་བ་ལ། །

གཞན་ཕན་སྙིང་རྗེ་ཟབ་མོའི་ཀློང་རུམ་ནས། །
ཐུགས་རྗེའི་ལྕགས་ཀྱུས་ནམ་ཡང་འདོར་མེད་པར། །
གཡུང་དྲུང་སྲ་བརྟན་འབར་བའི་སེང་ཆེན་ཁྲིར། །
སྐུ་ཚེ་ཁྲི་ལོར་བརྟན་པའི་བཀྲ་ཤིས་ཤོག །

རྒྱལ་བའི་ཡོན་ཏན་ནམ་མཁའི་མཐའ་ཀླས་པ། །
བདག་བློ་རྐང་དྲུག་གཤོག་པས་གཞལ་ནུས་མིན། །
སྙན་ངག་ཐར་ཐོར་ལམ་ནས་བསྔགས་པ་འདི། །
འབྲས་བུ་ཡེ་ཤེས་ཚོགས་ཀྱི་རྒྱུར་གྱུར་ཅིག །

ཅེས་པ་འདི་ཡང་ངོ་བོ་སངས་རྒྱས་དང་མཉམ་ཞིང་བཀའ་དྲིན་སངས་རྒྱས་ལས་འཕགས་པའི་དྲིན་ལན་གཞལ་མཐའ་བྲལ་བ་ཁོ་བོ་ཅག་གི་བཀའ་དྲིན་སུམ་ལྡན་གྱི་རྩ་བའི་བླ་མ་ྋངེས་པ་དོན་གྱི་བདག་ཉིད་རྗེ་ྋརྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་དགུང་གྲངས་བཅུ་ཕྲག་བཀྲ་ཤིས་གྲངས་ལྡན་གྱི་འཁྲུངས་སྐར་ཆེན་མོ་ལ་ྋདཔལ་ལྡན་སྨན་རིའི་གྲལ་མཐའ་འཛིན་པ། ྋམགོན་པོ་གང་ལ་མི་ཕྱེད་པའི་དད་གུས་ཀྱི་ལང་ཚོ་ཅན་ཡུལ་མདོ་སྨད་ཀྱི་སྤྲང་འཁྱམས་པ་ཕྲན་ཁྲི་གཡུང་དྲུང་དུ་འབོད་པས་ཡུལ་ཆེན་པོ་མ་ཧ་བྷ་ར་ཏར་ཕྱི་ལོ་༢༠༠༨ལོའི་ཟླ་༡༡པའི་ཚེས་༢༣ལ་སྒོ་གསུམ་གུས་པ་བླ་ན་མེད་པས་ཕུལ་བ་ཛ་ཡནྟུ།།

༼དཔོན་གསས་མཆོད་པའི་གཤེན་དབྱངས།༽སྟེང་བཀོད།

 

 

 

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།