གངས་རིའི་རྒྱན་གཅིག་བོན་བརྒྱ་བ།

གངས་རིའི་རྒྱན་གཅིག་བོན་བརྒྱ་བ།
ཁྲི་གཡུང་དྲུང་།

དགེ་ལེགས་མཚན་དཔེ་རྫོགས་པའི་སྐུ་ལ་སྲིད་ཞི་ལེགས་པའི་གཟི་འོད་འཕྲོ། །
ལྷུན་གྲུབ་འགག་མེད་སྙན་འཇེབས་གསུང་མཆོག་དབྱངས་ཅན་ངག་གི་མགྲིན་པ་ཅན།།
ཀུན་རྟོགས་རྒྱ་མཚོ་ཐུགས་ཀྱི་ཀློང་ན་ལྔ་རིག་ནོར་བུའི་གཏེར་ཁ་བརྡོལ། །
ངེས་པ་དོན་ལྡན་སྐྱབས་ཀྱི་ཡུལ་མཆོག་གངས་རིའི་རྒྱན་གཅིག་བོན་བརྒྱ་བ། །

མཐའ་བྲལ་མ་བཅོས་གཞི་དབྱིངས་ཟབ་མོར་སྤྲོས་མེད་ངོ་བོ་ཀ་ནས་དག །
གསལ་སྟོང་གཉིས་མེད་དགའ་བཞི་ཟུང་འཇུག་བླ་མེད་ཕྱག་རྒྱ་ཆེན་པོ་དང༌། །
གསང་ཆེན་ལྟ་བའི་དེ་ཉིད་གཟིགས་ཤིང་བླ་མེད་ཐེག་པའི་རྒྱལ་སར་རྩེན། །
སྣང་སྲིད་རྟོག་ཚོགས་རང་ཤར་རང་གྲོལ་གངས་རིའི་རྒྱན་གཅིག་བོན་བརྒྱ་བ། །

ཇི་སྙེད་མཁྱེན་པའི་ལང་ཚོའི་དཔལ་རྫོགས་སེང་ཆེན་ལྷ་ཡི་མཁྱེན་རབ་ཟླ། །
ཐོས་བསམ་དོན་ལ་ནང་བྱན་ཆུབ་པས་དཀའ་གནད་གཞུང་ལ་ཆགས་ཐོགས་བྲལ། །
ལྷག་བསམ་རྩོམ་པ་ཐོག་གི་མདའ་མོས་ཕས་རྒོལ་བྲག་རི་སྐད་ཅིག་སྙིལ། །
ལྔ་རིག་ཁྲི་ལ་དོན་གྱི་འགྱིངས་པའི་གངས་རིའི་རྒྱན་གཅིག་བོན་བརྒྱ་བ། །

ཟབ་གསལ་མྱུར་བའི་ཤེས་རབ་རྣོན་པོས“བསྟན་རྩིས་ནོར་བུའི་བང་རིམ”བསྒྲིགས།།
ཞང་བོད་རིག་གཞུང་ཤུལ་ལམ་རིང་མོར“ལོ་རྒྱུས་ཤེལ་གྱི་རྒྱང་མཐོང”བཙུགས། །
ཕྱོགས་རིས་བདུད་ཀྱི་སྙིང་ཁམས་ཅན་ལ“ལྷག་བསམ་དུང་གི་སྒྲ་དབྱངས”བསྒྲགས།།
རབ་འབྱམས་གཙུག་ལག་རིག་པའི་གཏེར་མཛོད་གངས་རིའི་རྒྱན་གཅིག་བོན་བརྒྱ་བ།།

རྒྱ་ཆེ་འཛམ་གླིང་མཁས་པའི་འདུ་ཚོགས་ཆུ་འཛིན་གཡོ་བའི་ལྡིང་ཁང་ནས། །
དོན་ལྡན་གང་གི་སྙན་པའི་གྲགས་པ་དབྱར་གྱི་རྔ་གསང་བཞད་པ་ན། །
བཙུན་པའི་གཟུགས་ཅན་ཁོ་བོའི་ཡིད་ཀྱི་རྨ་བྱ་དགའ་བའི་གར་དང་བཅས། །
སྨན་རིའི་གླིང་ནས་ལྷག་བསམ་དྭངས་མས་བསྟོད་པའི་མཆོད་ཚིག་འགྱེད་ལ་སྤྲོ། །

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།