ལྷ་སྲས་དར་མ།

ལྷ་སྲས་དར་མ།
ཁྲི་གཡུང་དྲུང་།

རིགས་རྒྱུད་གཙང་མའི་གདུང་ལས་བལྟམས་པའི་ལྷ་སྲས་གཞོན་ནུ་འུ་དུམ་བཙན། །
དྲུག་ལྷག་སུམ་ཅུའི་དགུང་གྲངས་སོན་ཐོག་མངའ་བདག་རྒྱལ་པོའི་ཁྲི་ལ་གསོལ། །
བོད་ཙམ་མ་ཟད་ཡུ་གུར་ལི་སོགས་མངའ་དབང་བསྒྱུར་བའི་མཛད་རྗེས་ཅན། །
གདོང་དམར་བོད་པ་སྤྱི་ལ་དབང་བའི་བཙན་པོ་རྒྱལ་རབས་ཞེ་གཉིས་པ། །
ཟོལ་གྱིས་སྨྲས་པའི་ལོ་རྒྱུས་ནག་པོས་མཛད་རྗེས་དཀར་པོའི་རི་མོ་བསུབས། །
རྒྱལ་ཁྲི་དར་མས་བསྟན་པ་བསྣུབས་ཞེས་སྒྲོ་འདོགས་ཚིག་གིས་གཏམ་ངན་སྤྲོས། །
འཛམ་གླིང་གྲགས་ཅན་ཚན་ཚན་རིག་པས་དཔྱད་ཚེ་དངོས་དོན་ཁེགས་རབས་སྨྲ། །
གནའ་རབས་ཡིག་རྙིང་ཁུངས་བཙུན་གསེང་ནས་བསྣུབས་པའི་ལོ་རྒྱུས་སུ་ཡིས་རྙེད། །
ཆོས་པའི་འཚོ་བ་གཞན་ལ་བརྟེན་པའི་ལམ་ལུགས་དོག་པོ་ཤུགས་ཀྱིས་བཀག །
གཙུག་ལག་ཁང་གི་གཡོག་འབངས་མི་སེར་གློད་བཀྲོལ་བདེ་བའི་སྐལ་བཟང་བྱིན། །
བོད་མི་འབོར་ལ་གནོད་ཚབས་ཆེ་བའི་རྒྱུ་རྐྱེན་འགའ་ཞིག་མེ་ལ་བསྲེགས། །
རྒྱལ་ཁམས་འབངས་མིའི་བདེ་དོན་ཆེད་དུ་ངལ་གསོ་བྲལ་བ་ལྷ་ཡི་སྲས། །
ཆབ་སྲིད་དམག་ཇུས་ཟུང་འབྲེལ་བྱས་ཏེ་ཉམས་ཞན་མ་ལུས་སླར་གསོ་མཛད། །
སེར་མོས་དབང་བསྒྱུར་སྤྱི་ཚོགས་ཁྲོད་ལ་བཅོས་བསྒྱུར་ལས་འགུལ་གསར་དུ་སྤེལ། །
བསམ་ཡས་མཁན་པོའི་ཐུགས་ཀྱིས་མ་བཟོད་མ་རུང་སྦྱོར་ངན་ལག་ཏུ་བསྟར། །
ཉག་ཕྲན་ཞིག་གིས་ལྷ་སྲས་མཆོག་ཁྱོད་ལྔ་བའི་ལམ་དུ་བཙན་གྱིས་སྤྱུགས། །
ཀྱེ་མ་སྤྱི་མཐུན་ལས་དབང་ཞིག་གིས་བཙན་པོའི་སྐུ་ཚེ་ནུབ་རིར་བསྐྱལ། །
བཙད་པོ་ལྷ་ཡི་རིགས་རྒྱུད་གསེར་ཐག་དུག་མདའ་ནག་པོས་རྩད་ནས་བཅད། །
སྐུ་ཡི་སྲོག་ལ་བར་ཆོད་སྐྱེན་པས་བྷོ་ཊའི་རྒྱལ་ཁབ་སིལ་བུར་འཐོར། །
དེའི་ཕྱིར་ཆོལ་གསུམ་གངས་རིའི་ཞིང་དུ་སྤྱི་ལ་དབང་བའི་རྒྱལ་བོས་སྟོང། །
བསམ་ཡས་མཁན་པོའི་བྱས་རྗེས་དེ་ནི་ལོ་རྒྱུས་རྨ་ཁ་ཚབས་ཆེན་ཞིག །
གངས་ཅན་བོད་ཀྱི་སྤྱི་ཚོགས་ཁྲོད་ལ་གློ་བུར་གྱོང་གུད་ཚད་མེད་ཅིག །
མགོ་ནག་རྩམ་གཟན་རྐང་གཉིས་ཚོགས་ལ་སྡུག་སྐད་སྟོང་གི་གླེང་གཞི་ཞིག །
ཕྱིར་དྲན་སེམས་པ་སྐྱོ་བས་མ་བཟོད་ཁོ་བོས་ཁྱེད་ལ་རྗེས་དྲན་ཞིག །

 

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།