བཞུད་མི་སྲིད་པའི་ཉི་མ།

བཞུད་མི་སྲིད་པའི་ཉི་མ།
བྱ་འཕུར་དགེ་བཤེས་ལྷུན་གྲུབ་རྒྱ་མཚོ།

ལི་ཁྲིའི་རྡུལ་མང་ལྷུན་པོར་བརྩེགས་པ་མི་འགྱུར་གཡུང་དྲུང་སྐུ་ཡི་རྒྱ། །
ཟབ་ལམ་མདོ་སྔགས་བྱེ་བའི་ཕུང་པོ་མི་འགག་ཚངས་པའི་དབྱངས་སྙན་ཅན། །
མཐའ་བྲལ་ལྟ་བའི་ཡང་རྩེར་སོན་པ་འཁྲུལ་མེད་ཀ་དག་དགོངས་པའི་རྩལ། །
མི་ཤིགས་མི་འགྱུར་དྲུང་མུའི་གུར་ལས་འདོར་བ་མེད་པར་བརྩེ་བས་སྐྱོངས། །

འདིར་སྣང་ཡིད་ཅན་བྱེ་བའི་ཕུང་པོ་གང་གཱའི་ཀླུང་ལྟར་འཚོགས་པའི་དབུས། །
ཟད་མེད་གཏེར་དགུའི་མཆོག་ཏུ་མངའ་བ་རིན་ཆེན་གཙུག་གི་ཏོག་བཞིན་དུ། །
ཇི་ལྟར་མཆོད་པའི་བཀའ་དྲིན་ཟབ་མོ་ནམ་མཁའ་ཡངས་པས་དཔག་མིན་མོད། །
ཨེར་སངས་ལྷ་མོས་རམ་འདེགས་ལྷན་དུ་ཤིས་ཚིག་བདུད་རྩིའི་ཆབ་འདི་བྲན། །

ཉི་མའི་དྲོད་ཀྱིས་དང་པོར་བསྐྱངས་པ་ཤར་ཕྱོགས་མཁའ་འགྲོ་འུག་གདོང་མའི། །
ཞབས་རིས་འོད་འཁོར་ཟླུམ་པོར་འཕོས་པའི་ཉེ་གནས་གྲུ་འཛིན་སྒེག་ལྡན་མར། །
འཕགས་པ་སྟོང་གིས་བྱིན་རླབས་ཕོག་པ་རིགས་ཀྱི་མྱུ་གུ་འཁྲུངས་པའི་དཔྱིད། །
སྐལ་བཟང་སྐྱེ་དགུ་མལ་ལས་སློང་བའི་བྱིན་རླབས་དང་པོའི་རིས་སུ་འཛུམ། །

བྱང་སེམས་བདུད་རྩི་གསེར་ཞུན་དྭངས་མས་མི་མཐུན་རྒུད་པའི་སྐོམ་པ་སེལ། །
བསླབ་གསུམ་ནོར་བུའི་བཅུད་ཀྱི་ཕུང་པོ་འདུལ་ཁྲིམས་གཙང་མའི་བརླན་གྱིས་ཕྱུག །
དམར་སེར་ལི་ཁྲིའི་མདངས་ཀྱིས་བརྒྱན་པ་རིན་ཆེན་དང་པོའི་བུ༷མ་བཟ༷ང་ལས། །
དབེན་གནས་སྒྲུབ་སྡེ་དུ་མའི་དབུས་སུ་འགྲན་བྲལ་སྐྱེས་བུའི་རང་མདངས་འབར། །

ཟབ་གསང་གདམས་ངག་བོན་གྱི་སྒྲ་དབྱངས་སྐྱེ་འགྲོའི་ལས་ཀྱིས་མ་ཐེག་པས། །
བརྒྱད་ཁྲི་བཞི་སྟོང་གསུང་རབ་མང་པོ་འབྱུང་ལྔའི་ལྷ་མོའི་ཞལ་དུ་བསྟབས། །
རྒྱལ་བ་ཉིད་དང་རབ་བརྟན་རྒྱལ་པོའི་བཀའ་དམ་གསེར་གྱི་དཔ༷ལ་བེ༷འུ་ལས། །
གཤེན་རབ་ཆེན་པོའི་ཞལ་ངད་དྲི་བསུང་ཕྱོགས་བཅུའི་ཞིང་དུ་འགོད་པར་བྱས། །

བྲུ་རྗེ་བླ་མའི་ཞབས་སེན་འོད་མདངས་འཛིན་མའི་ཁྱོན་ལས་འཕགས་གྱུར་ཞིང༌། །
དབུས་འགྱུར་གསེར་གྱི་བྱེ་མ་སྤུངས་པར་དྲི་བཟང་སྨན་རིའི་བསུང་ངད་འཐུལ། །
གཡུང་དྲུང་ར་བའི་ཁྱོན་དུ་བཞུགས་པའི་གནས་མཆོག་གྲྭ་སའི་མཚན་བཟང་དེ། །
མི་ནུབ་གཡས་འཁྱིལ་དུ༷ང་སྒྲ་སྙན་མོ་ཕྱོགས་བཅུར་སྒྲོག་པའི་གྲོགས་སུ་བྱོན། །

དགེ་ལྡན་བསྟན་པའི་སྲོག་ཤིང་ལྟ་བུའི་འབྲས་དཀར་སྤུངས་པའི་ཆོས་ཀྱི་སྡེར། །
མཁས་གྲུབ་དུ་མའི་ཞབས་སེན་དཀར་པོ་སྤྱི་བོར་གུས་བརྒྱས་མཆོད་མཛད་ཅིང༌། །
རྩོད་ངག་འབྲུག་ཆེན་དར་མའི་འུར་གྱིས་སྲིད་གསུམ་འདར་བའི་ཉམས་འགྱུར་ལ། །
ལུང་རྟོགས་རྒྱ༷ལ་མཚ༷ན་གཡུ་རལ་གསིག་པས་མཁས་རྣམས་དགྱེས་པའི་ང་རོ་གྱེར། །

མྱོང་རྟོགས་ཡིད་ཀྱི་འདེགས་ཤུགས་བསྒྱུར་བར་གཞན་ཡུལ་འགྲིམས་པའི་ཐུགས་སྟོབས་ཀྱིས།།
དོལ་ཕྱོགས་གྲུ་བཞིའི་འཕྲང་ལམ་བརྒལ་བཞིན་དཀའ་སྡུག་ལོ་ཟླའི་འཕྲང་ལ་གཟར། །
ཞྭ་དཀར་བསྟན་པའི་ཞབས་འདེགས་ཉིད་དུ་གསུང་རབ་དཔེ་བསྐྲུན་བསྐྱར་ཞིབ་སོགས། །
གཞན་ཕན་གྲིབ་བསིལ་གདུ༷གས་དཀར་འོག་ཏུ་བསྟན་འགྲོའི་དོན་ཆེད་རིམ་གྱིས་འབད། །

དེ་བཞིན་དུས་ཀྱི་འགྱུར་འགྲོས་དང་བསྟུན་གཞན་རིགས་སྐད་ཡིག་སློབ་སྦྱོང་སོགས། །
མཁོ་གལ་ཆེ་བའི་གནད་དུ་དགོངས་ཏེ་ནུབ་ཕྱོགས་འགྲིམས་པའི་སྟ་གོན་མཛད། །
འཛམ་བུའི་གླིང་གི་སྤྱི་སྐད་ལྟར་གྲགས་དབྱིན་ཇིའི་སྐད་ཡིག་ལ་སོགས་པར། །
རྒྱ་མཚོའི་ཀློང་དུ་གསེ༷ར་ཉ༷་ཇི་བཞིན་ཆགས་ཐོགས་བྲལ་བའི་ལོ་ཙཱ་པ། །

ཚུལ་སྤྱོད་དམན་པའི་གླིང་ཁ་གྲུ་བཞིར་བཙུན་པའི་ཚོགས་མང་ཕེབས་གྱུར་ཡང༌། །
སྡོམ་བརྩོན་དམ་པའི་ཕྱག་རྗེས་བརླགས་ཏེ་ཁྱིམ་ཐབ་ལས་རྒྱར་མང་དུ་སྦྱོར། །
འོན་ཏེ་འཕགས་མཆོག་མཁན་སློབ་ཟུང་གིས་བསླབ་པ་དྲི་བཟང་པད༷་མོ༷འི་སྦུབས། །
ནག་ནོག་མེད་པར་གཅེས་པར་བསྲུངས་འདིས་རང་ཅག་འདུལ་བའི་སྲོག་རྩ་སྦོམ། །

བྲུ་རྗེ་མཁན་པོའི་གསེར་གྱི་ཁྲི་རབས་སོ་གཉིས་འཇའ་འོད་གུར་ལས་བསུས། །
བདེན་པ་བརྡར་བའི་རི་གྲོང་ཆུང་ངུ་རྔ་གཤང་རོལ་མོའི་དབྱངས་ཀྱིས་ཁྱབ། །
རྟགས་མཚན་བྱིན་རླབས་ན་བུན་དང་བཅས་མགོན་པོ་ཁྱེད་ཉིད་རྒྱལ་ཁའི་ངང༌། །
གཡུང་དྲུང་བོན་གྱི་འཁོ༷ར་ལོ༷་བསྐོར་ཕྱིར་དམ་ཅན་ལྷ་དང་སྲུང་མས་བསྐོས། །

དེ་ལྟར་ལྷ་སྲུང་བདེན་དཔང་བཙུགས་པའི་བསླུ་མེད་ཐ་ཚིག་དཀར་པོའི་མདངས། །
ཉམ་ཐག་བོན་འབངས་བྱེ་བའི་སྙིང་ཁར་བསུབ་པ་མེད་པར་འཁྱུད་གྱུར་ཞིང༌། །
ཟབ་ལམ་བོན་གྱི་གདམས་དོན་མ་ལུས་ཧུབ་ཀྱིས་བཞེས་པའི་མཛད་འཕྲིན་ལ། །
ས་གསུམ་སྐྱེ་འགྲོའི་དཔུང་གཉེན་གྱུར་ཞེས་གླུ་གར་རོལ་མོས་ས་གཞི་བསྐྱོམས། །

ལང་ཚོའི་འདབ་མ་དུས་ཀྱིས་ཡལ་ཏེ་བགྲེས་པའི་ཉམས་ཀྱིས་སྒེག་ན་ཡང༌། །
བོན་འབངས་བྱེ་བའི་རེ་ལྟོས་ཇི་བཞིན་གཞན་དོན་བྱ་བཞག་འཁོར་ལོ་ལས། །
སྐད་ཅིག་ཙམ་ཡང་ལྷོད་དལ་མེད་པར་བཞུགས་སུ་གསོལ་བའི་མཛད་པ་ཡིས། །
རླབས་ཆེན་ཁྲི་འཕང་བདག་ཏུ་བཟུང་བའི་བླ་དཔོན་ཚོགས་ལ་བརྡ་ཞིག་སྤྲོད། །

འདི་སྐད་དམར་པོ་ཙི་ཏའི་འཕྲང་དང་མགྲིན་པའི་འཁོར་ལོ་ལས་འཕྱུར་ཞིང༌། །
ཨེར་སངས་ལྷ་མོའི་འགྲམ་ཆུར་སྦྱར་བས་སྙན་ཚིག་རིག་པའི་བསུང་ངད་ཞིམ། །
འདི་ཉིད་བླ་མའི་དགུང་སྟོན་ཆེན་མོར་ཁ་བཏགས་ཡུག་གཅིག་མཚོན་བྱེད་ཚུལ། །
སྐུ་ཚེ་བསྐལ་བརྒྱར་གསོལ་བ་འདེབས་སོ་རེ་ལྟོས་ཇི་བཞིན་བརྩེ་བས་གཟིགས། །

ཞེས་པ་འདི་ྋསྐྱབས་རྗེ་རྒྱལ་བ་སྨན་རི་བ་ཆེན་པོའི་སྐྱབས་འོག་ཏུ་བགྲང་བྱ་བཅུ་བཞི་ཙམ་གྱི་རིང་ཐོས་བསམ་སྒོམ་སྒྲུབ་ཀྱི་འཚོ་བ་ལོངས་སུ་སྤྱོད་པའི་སྐལ་བཟང་བདག་གིར་ཐོབ་ཅིང༌།ཉིན་མཚན་ཁོར་མོ་ཡུག་ཏུ་བཅུ་རིག་ཤེས་བྱའི་བདུད་རྩིར་ལོངས་སུ་སྤྱོད་པའི་གོ་སྐབས་ཆུད་ཟོས་སུ་མ་སོང་བ། བྱ་འཕུར་དགེ་བཤེས་ལྷུན་གྲུབ་རྒྱ་མཚོའམ་སྨྱུག་མིང་དུ་གངས་སྨྱུག་ཏུ་འབོད་པས་རང་ཤག་ལྔ་རིག་སྨྲ་བའི་ལྡིང་ཁང་དུ་བྲིས་ཤིང༌། དགེ་འདིས་དཔོན་གསས་བླ་མ་དམ་པའི་ཞབས་ཟུང་གསེར་གྱི་འཁོར་ལོ་ལྷ་མཆོག་ཚེ་ཡི་རྒྱལ་པོའི་སྐུར་ཞབས་བརྟན་གསོལ་འདེབས་དང་བཅས་སྨན་རིའི་གླིང་ནས།།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།