ཞང་བོད་ཀྱི་གཟི་དཔལ་གཡུ་རལ་ངོམ་པའི་གངས་སེང་།

ཞང་བོད་ཀྱི་གཟི་དཔལ་གཡུ་རལ་ངོམ་པའི་གངས་སེང་།
རེབ་གོང་བ་དོན་གྲུབ་རྒྱལ།

གནའ་བོའི་ཞང་ཞུང་རིན་ཆེན་གཏེར་བརྒྱས་གཏམས། །  དེ་མཚུངས་བོད་ཡུལ་གངས་ནགས་མཚོ་ཡིས་བསྐོར། །
ཐ་སྙད་སྒྲ་ཡིས་སོ་སོར་ཕྱེ་ན་ཡང་། །  ད་ལྟ་ཞང་བོད་གོང་བུ་གཅིག་གྱུར་ལགས། །

གནས་འདིའི་སྣོད་བཅུད་ཕུན་སུམ་ཚོགས་པ་ཡིས། །  འཁྲུངས་པའི་མི་ཡང་སངས་རྒྱས་བྱང་སེམསཏེ། །
སྲིད་པའི་རྒྱན་དུ་བྱོན་པ་ཤ་སྟག་ཕྱིར། །  དེ་རྣམས་འཁྲུངས་པའི་ཡོན་ཏན་བརྗོད་ལ་རིངས། །

རྨད་བྱུང་ཐུགས་བསྐྱེད་དཔག་བསམ་ལྗོན་བཟང་ལ། །  རླབས་ཆེན་ཚོགས་གཉིས་དྲོད་གཤེར་གྱིས་གསོས་པས། །
སྐུ་བཞིའི་འབྲས་བུ་མཆོག་སྨིན་དམུ་རྒྱལ་སྲས། །  མི་མཇེད་མགོན་དུ་བྱོན་ས་ཞང་བོད་ཡིན། །

གང་གི་གདུང་སོབ་མུ་ཆོ་ལྡེམ་དྲུག་ཀྱང་། ། ཁམས་གསུམ་སྐྱེ་དགུའི་གཉེན་དུ་རབ་འཁྲུངས་ཏེ། །
སྒོ་བཞི་མཛོད་ལྔའི་སྒོ་འཕར་ལེགས་ཕྱེ་ནས། །  གསུང་གི་བསྟན་པ་སྤེལ་ས་ཞང་བོད་ཡིན། །

ཞང་བོད་ཕྲོམ་དང་སྟག་གཟིག་དཀར་ནག་རྒྱར།།  རྒྱལ་བསྟན་ཉི་གཞོན་ལེགས་པར་འདྲེན་མཁས་པ། །
འཛམ་གླིང་མཛེས་པའི་རྒྱན་མཆོག་རྣམ་པ་དྲུག །  ངག་གི་བདུད་རྩི་འཐུངས་ས་ཞང་བོད་ཡིན། །

རྒྱལ་ཀུན་ཡབ་ཡུམ་མགྲིན་པའི་འོ་མཚོ་རུ། །  མངོན་པར་བསུས་ཏེ་ཚིག་རྒྱན་རིག་པའི་གཞུང་། །
ཤེལ་གྱི་མེ་ལོང་མཛད་པོ་གཙང་གཤེན་པ། །  སྨྲ་བའི་ཁྱུ་མཆོག་འཁྲུངས་ས་ཞང་བོད་ཡིན། །

མཁྱེན་པའི་རྩལ་གྱིས་ཤེས་བྱའི་མཐའ་ཡང་ཟད། །  ནུས་པའི་སྟོབས་ཀྱིས་འཁོར་བ་དོང་ནས་སྤྲུགས། །
མཐུ་སྟོབས་དྲག་པོས་བདུད་སྲིན་ལྷག་མེད་ཟ། །  ཞང་བོད་གྲུབ་ཆེན་བརྒྱད་ཅུའང་འདི་ནས་འཁྲུངས། །

ཐོགས་མེད་རྫུ་འཕྲུལ་ཤུགས་དང་མཁྱེན་བརྩེའི་གཟིས། །  གཤེན་བསྟན་རིན་ཆེན་བང་མཛོད་བདག་གིར་བ། །
གྲུབ་ཐོབ་ལོ་པཎ་རྒྱ་མཚོའི་གཙུག་རྒྱན་ཏེ། །  ཞང་བོད་མཁས་བཞི་འཁྲུངས་སའང་འདི་རང་ཡིན། །

ཚེ་ལ་མངའ་བརྙེས་རིག་འཛིན་ཀུན་གྱི་གཙོ། །  མི་འཇིགས་བཞི་དང་སྟོབས་བཅུའི་ཡོན་ཏན་གསལ། །
སྒྲ་ཚད་རིག་པའི་དབང་ཕྱུག་སྨྲ་བའི་སེང་། །  གྱེར་སྤུངས་དྲན་པ་འཁྲུངས་ས་ཞང་བོད་ཡིན། །

ལམ་དང་འབྲས་བུའི་བོན་རྣམས་མ་ལུས་པ། །  སེམས་ཀྱི་གནས་ལུགས་གཅིག་ཏུ་རྫོགས་པའི་སྲོལ། །
རྒྱ་ཆེར་ཕྱེ་བའི་འཛམ་གླིང་གྲུབ་བརྒྱའི་ཏོག །  ནམ་མཁའ་སྒྲོན་གསལ་བཞུགས་ས་ཞང་བོད་ཡིན། །

སྲིད་འདིར་དཀོན་ཞིང་བླ་ན་རབ་མཐོ་བའི། །  རིགས་རུས་ཕུན་ཚོགས་དམུ་གཤེན་ནོར་བུའི་ཕྲེང་། །
ཟམ་མ་ཆད་པར་འཇིག་རྟེན་མཛེས་རྒྱན་དུ། །  ད་ལྟའི་བར་དུ་བཞུགས་པ་ཞང་བོད་ཡིན། །

རྒྱལ་བ་གཤེན་གྱི་རིང་ལུགས་རྨ་མེད་པ། །  ཡང་དག་སྤེལ་བར་སྙིང་སྟོབས་གོ་ཆ་ཅན། །
བསྟན་པའི་བདག་པོ་བྲུ་ཞུ་སྤ་རྨེའུ་དང་། །  གཤེན་དང་ཁྱུང་རྣམས་འཁྲུངས་ས་ཞང་བོད་ཡིན། །

བརྗོད་བྱ་བསླབ་གསུམ་རྗོད་བྱེད་སྡེ་གསུམ་གྱིས། །  འགྲོ་རྣམས་སྨིན་གྲོལ་ལམ་ལ་མྱུར་འགོད་པའི། །
བསྟན་པའི་དཔུང་གཉེན་དགོངས་མཛོད་རི་ཁྲོད་པ། །  དམ་པ་ཡབ་སྲས་འཁྲུངས་ས་ཞང་བོད་ཡིན། །

མཁས་བཙུན་བཟང་བོའི་ཡོན་ཏན་ཆ་རེར་ཡང་། །  རྒྱལ་བ་སྟོང་གི་མཛེས་སྡུག་རྫོགས་པའི་ཕྱིར། །
འཛམ་གླིང་མཁས་གྲུབ་བྱེ་བའི་ཅོད་པན་ཏེ། །  མཉམ་མེད་བླ་མ་འཁྲུངས་ས་ཞང་བོད་ཡིན། །

ཀློག་པ་ཐོས་བསམ་སྤོང་བ་བསམ་གཏན་སྲོལ། །  ཟུང་དུ་འཇུག་པའི་ཆུ་ཐུབ་རིགས་སྨྲའི་སྡེ། །
གཡས་རུ་དང་ནི་བཀྲ་ཤིས་སྨན་གྱི་རིའི། །  ཁྲི་འཛིན་མཁས་མང་བྱོན་ས་ཞང་བོད་ཡིན། །

སྙིགས་མའི་དུས་སུ་རྒྱལ་གཤེན་བསྟན་པའི་ཁུར། །  འཛིན་སྐྱོང་སྤེལ་ལ་འགྲན་པའི་ཟླ་བྲལ་བས། །
ཆེ་རྒུའི་རལ་བར་ངལ་གསོའི་གདན་ཐོབ་པ། །  སྤྲུལ་སྐུ་རྣམ་བཞི་བྱོན་ས་ཞང་བོད་ཡིན། །

མདོ་སྔགས་སེམས་གསུམ་བཤད་སྒྲུབ་ཟུང་འཇུག་གིས། །  བསྟན་པའི་རྒྱལ་མཚན་སྲིད་གསུམ་རྩེར་བཀོད་པས། །
རྣམ་མཁྱེན་དངོས་དང་མི་ཕྱེད་འཇའ་ལུས་པ། །  ཤར་རྫ་ཡབ་སྲས་འཁྲུངས་ས་ཞང་བོད་ཡིན། །

འཆད་པ་སྐལ་བཟང་རྣ་བའི་བདུད་རྩིའི་གསོས། །  རྩོད་པ་དྲེགས་ལྡན་མགོ་བོ་གཅོད་པའི་མཚོན། །
རྩོམ་པ་དབྱངས་ཅན་རྒྱུད་ལས་འཕོས་པ་སྟེ། །  བྱང་ཁའི་དྲན་དབང་རྣམས་ཀྱང་འདི་ནས་འཁྲུངས། །

དེང་གི་དུས་འདིར་གཡས་རུ་གཉིས་པ་ལྟར། །  བསྔགས་པ་དོན་ལྡན་སྣང་དགོན་འདུས་སྡེ་ཆེ། །
བཤད་སྒྲུབ་ཟུང་དུ་འཇུག་པའི་སྙན་པ་ནི། །  ཕྱོགས་ཀྱི་འཁོར་ལོར་འཕུར་ས་ཞང་བོད་ཡིན། །

དེ་ལྟར་ཞང་བོད་ས་སྒང་འདི་ཉིད་ནས། །  དངོས་སུ་འཁྲུངས་ཤིང་བོད་སྐད་བོད་ཡིག་གིས། །
རྒྱལ་བའི་བསྟན་པ་འཛམ་གླིང་མཐའ་དབུས་ཀུན། །  ཡོངས་སུ་སྤེལ་བའི་ངོ་མཚར་བརྗོད་ལས་འདས། །

ཚུལ་འདིར་འབྲལ་མེད་གཏམ་དང་འུད་བརྗོད་ཀྱིས། །  སྦགས་མིན་དོན་གཏམ་དྲང་སྲོང་དགྱེས་བྱེད་དེ། །
གང་ལ་དད་ཅིང་དུངས་པའི་ཚ་རླབས་ཀྱིས། །  སྙིང་ནས་གསོལ་བའི་གདུང་ཤུགས་འཕྱུར་བའོ། །

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།