རྨ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭར་ཕུལ་བའི་སྙན་ཚིག

རྨ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭར་ཕུལ་བའི་སྙན་ཚིག
བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ།

༄༅། །རྣམ་དཀར་དགེ༷་བཅུའི་འོད་འབར་ཆུ་གཏེར་ལས། ། ཉེར་ཐོན༷་ལྔ་རིག་ཤེས་ལྡན་ལྷུན་པོའི་རྩེར། ། སྲིད་འབྱོར་སློ༷བ་ཚོགས་ཡོངས་འདུས་འཛིན་གྲྭ༷་འཕེལ། ། ཨེ་མ་མཁས་མང་གཟི་བརྗིད་ཝ་ལེར་བཞད། ། གསལ་བྱེད་སུམ་ཅུ་མིང་གཞིར་ཚང་བའི་ཚིགས་བཅད་དོ།།  ཨ༷་ཆེན་གངས་དང་མ༷དོ་ལ་རིང་མོའི་སར། ། རྨ༷་ཀླུང་འཁྱིལ་བའི་ལྷོ༷་ཕྱོགས་འཛིན་མའི་གཞིར། ། གསེ༷ར་ལྗོ༷ངས་ལྔ་རིག་འབྱུང་བའི་ལྟེ་བ་ཞེས། ། དགེ༷་ཐོ༷ན་སློ༷བ་གྲྭ༷འི་སྙན་པ་ཕྱོགས་སུ་རྒྱས། ། དེ་ཡང་དོན་ལ་གནས་ཏེ་སློབ་གསོའི་རྨང་། ། བཅུ་ཕྲག་རིག་པའི་རྒྱ་མཚོ་ཁོ་ནར་ངེས། ། ཆབ་སྲིད་འཛིན་མཁས་མུན་སེལ་པདྨའི་གཉེན། ། དཔལ་འབྱོར་ཀུ་མུད་བཞད་ལ་འོད་དཀར་ཅན། ། ཡོན་ཏན་ཡིད་བཞིན་འབྱུང་བ་ནོར་བུའི་གཏེར། ། སྲིད་འབྱོར་རིག་གསུམ་ཀུན་ཀྱི་མ་མ་ནི། ། དགེ་རྒན་དྲིན་ལས་དགེ་རྒན་ཐོན་ནུས་པའི། ། སློབ་གྲྭ་ཁྱོད་ཉིད་གཅིག་པུར་ཀུན་ཀྱིས་བསྔགས། ། གང་ན་རྣམ་དཔྱོད་ལྡན་པའི་པད་དཀར་ཚལ། ། དེ་ན་ཡོན་ཏན་སྦྲང་རྩིའི་རྒྱལ་མཚན་རྒྱས། ། དེ་ལ་བློ་གསལ་ར་ཡིག་གཉིས་པའི་ཚོགས། ། གང་དང་མི་འབྲལ་དགའ་བའི་འཕུར་ལྡིང་རྩེན། ། གང་གི་དགེ་མཚན་འོད་སྟོང་འབར་བའི་དཔལ། ། གང་ལ་བརྟེན་ནས་བདེ་སྐྱིད་ཉིན་མོར་བྱེད། ། གང་དུ་མཐུན་པའི་གཟི་འོད་མི་ཉམས་ཤིང་། ། གང་ཡང་བཀྲ་ཤིས་བདེ་ལེགས་འབྱུང་གྱུར་ཅིག ། གསེར་ལྗོངས་གསེར་ལྡན་སྒེག་མོའི་ལུས། ། རིན་ཆེན་རིན་ཐང་མེད་པའི་ནོར། ། རིག་གནས་རིག་པའི་རྒྱན་བཟང་གིས། ། མཛེས་པའི་མཛེས་པ་རྟག་བརྟན་ཤོག ། མི་རིགས་མང་པོའི་བསམ་བློ་ནི། ། མི་འགྱུར་འཆམ་མཐུན་ཡོང་བའི་དཔྱིད། ། མི་དམངས་ཡོངས་ཀྱིས་ལག་ལེན་བཟང་། ། མི་རབས་ཀུན་ལ་དར་རྒྱས་ཤོག །

ཅེས་རང་རེ་ཁུལ་གྱི་དགེ་ཐོན་སློབ་གྲྭ་ནི་སྲིད་འབྱོར་རིག་གསུམ་གྱི་རྨང་གཞི་ཡིན་པར་བསྔགས་པ་བཀྲ་ཤིས་གྲངས་ཀྱི་ཚིགས་བཅད་འདི། བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོས་ཐོལ་བྱུང་དུ་བྲིས་པ་དགེའོ། །

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།