རྣམ་དཔྱོད་ཀྱི་ཕ་ས་སྟེ། ངའི་མ་ཡུམ་བཤད་སྒྲུབ་སློབ་གླིང་།

རྣམ་དཔྱོད་ཀྱི་ཕ་ས་སྟེ།  ངའི་མ་ཡུམ་བཤད་སྒྲུབ་སློབ་གླིང་།
བོན་ནག་ཚང་ཡེ་ཤེས་བློ་གྲོས།

—-སྣང་ཞིག་དགོན་གཡུང་དྲུང་བོན་གྱི་བཤད་སྒྲུབ་སློབ་གླིང་དང་གྱེས་ནས་ལོ་ངོ་གཅིག་འཁོར་བའི་དྲན་གདུང་གི་ཚོར་བ་བན་བུན།
1040277565

    ༡
རྔ་གཡང་ཕྱུག་མོའི་ངོ་གདོང་ན་མིག་ཟུང་བཞིན་འཚེར་ཞིང་རྔ་ཆུ་སྔོན་མོའི་རླབས་རྒྱུན་ཁྲོད་གསེར་ཉ་ལྟར་འཕྱོ་ཞིང་རྩེན་པ་ནི་རྣམ་དཔྱོད་ཀྱི་ཕ་ས་སྟེ་ངའི་མ་ཡུམ་བཤད་སྒྲུབ་སློབ་གླིང་རེད།

སྐྱབས་རྗེ་ཉི་ཟླ་ཟུང་གི་བསམ་བློའི་སྒུལ་ཤུགས་ལས་རྐང་འཛིན་དགེ་རྒན་བཞི་ལ་ལྷག་བསམ་གྱི་འབྲས་བུ་སྨིན་ཏེ། བརྩོན་འགྲུས་ཀྱི་བློ་སྤོབས་མངའ་བའི་སློབ་བུ་བཅུ་ཕྲག་མང་པོར་ཤེས་རིག་གི་རྣམ་དཔྱོད་བསྩལ།

གཤེན་རབ་མི་བོའི་བཀའ་གཞུང་གི་དགོངས་དོན་སེམས་སུ་བཏགས་ཏེ་བོན་གྱི་སྤྱན་ལྡན་ཆེན་མོའི་ལུང་རིགས་ལ་དད་གུས་ཆེ་བས་གཡས་རུའི་འཆད་རྩོད་ཀྱི་དར་ཆེན་དཀའ་བ་བརྒྱ་ཕྲག་དང་ངལ་བ་སྟོང་ཕྲག་གི་ཁྲོད་ནས་མཁའ་རུ་ཕྱར།

འགྲིག་རང་འཁུར་དང་སྡོམ་པ་རང་སྲུང་ཞེས་པའི་སློབ་གསོའི་སྡོམ་ཚིག་འདི། སློབ་གྲོགས་ཚོའི་སེམས་གཏིང་ན་རླབས་རྒྱུན་བཞིན་འཕྱུར་ཏེ་དབྱར་གྱི་དུས་སུ་ཙད་དང་ཆར་བ་གོས་ལྭ་ལྟར་གྱོན་ཞིང་དགུན་གྱི་དུས་སུ་བཙག་དང་ཁ་བ་རྩམ་སྐྱ་བཞིན་འགམས་ནས་ཐོས་བསམ་གྱི་ཀློང་དུ་བརྩོན་སེམས་ཀྱིས་དཔུང་འཇུག་བྱས།

རླབས་ཆེ་བ་ནི་མི་ཚེ་ཕན་སེམས་ཀྱི་ཀློང་ན་འཚོ་བའི་གཞལ་མེད་ཀྱི་སློབ་དཔོན་ཚོ། ངོ་མཚར་བ་ནི་ལང་ཚོ་མཁས་བྱ་གསུམ་གྱི་ཁྲོད་ན་མཛེས་པའི་བརྩེ་ལྡན་གྱི་སློབ་གྲོགས་ཚོ། ང་ཁྱོད་ཚོ་དང་བྲལ་བའི་མི་ལོ་གཅིག་ནི་འཁྱོལ་དཀའ་ཞིང་དྲན་གདུང་གི་ལོ་ཟླ་ཞིག་སྟེ། ངས་ནམ་ཡང་བརྗེད་ཐབས་མ་བྱུང་།

བྱམས་སྙིང་གི་ལྟ་བ་ཟབ་མོ་ལོངས་སུ་སྤྱོད་བཞིན་བདེན་མེད་ཀྱི་ལུང་རིགས་རྣོན་པོ་རྒྱན་དུ་བསྒྲིགས་ནས། འདོད་ཆུང་ཆོག་ཤེས་ཀྱི་ངོ་བོ་རེ་རེ་ལྟོ་སྐྱ་གོས་ཧྲུལ་གྱི་ལས་རིམ་ཁྲོད་སྲུང་བ་སྒུལ་ཤུགས་ལྡན་ཞིང་རྣམ་དཔྱོད་ཆེ་བས། ངའི་ཉི་མ་དང་ཟླ་བ་བཞིན་མངའ་ཐང་མཆིས།

ངའི་དྲན་ཀློང་ན་མངོན་པར་འཕགས་པའི་ངེས་དོན་གྱི་དགེ་བའི་བཤེས་གཉེན་དང་ཟབ་པའི་པའི་ཚིག་དོན་ཟུང་དུ་འཇུག་པའི་སློབ་གྲོགས་ཚོ། ཁྱེད་རྣམ་པའི་སྐུ་ཚེ་གཡུང་དྲུང་གི་གཤིས་སུ་བརྟན་ཞིང་མཛད་འཕྲིན་གྱི་འོད་སྣང་སྲིད་པའི་ཁྱོན་དུ་ཁྱབ་པར་སྨོན། །

༢༠༡༡ ་ ༥ ་ ༥ཉིན་རང་དགོན་ནས་བྲིས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།