དགེ་བཤེས་ཁྱུང་དཀར་ཟླ་བ་བསྟན་འཛིན་མཆོག་སྐུ་གཤེགས་ནས་ལོ་འཁོར་གཅིག་ལོན་པའི་རྗེས་དྲན།

རྗེས་དྲན་སྐྱེ་ལྔའི་དབྱངས་སྙན།
དགེ་བཤེས་ཁྱུང་དཀར་ཟླ་བ་བསྟན་འཛིན་མཆོག་ལ་རྗེས་དྲན་དུ།
རེབ་གོང་བ་དོན་གྲུབ་རྒྱལ།

1619111237
1619322109

བརྒྱད་ཁྲི་བཞི་སྟོང་བོན་སྒོ་མཐའ་ཡས་པས།།
གང་གཱའི་ཀློང་གི་བྱེ་སྙེད་སེམས་ཅན་རྣམས། །
ཐར་བ་མཆོག་ཏུ་བཀོད་པའི་ཐུགས་རྗེའི་དབང་།།
སྟོན་མཆོག་གཤེན་རབ་ཞབས་རྡུལ་སྤྱི་བོར་བསྙེན། །

དམ་པ་ཁྱུ༷ང་གི་སྤྲིན་རུམ་མངལ་རྒྱ་ལས། །
གྲགས་པ་དཀ༷ར་པོའི་འོད་དང་ལྷན་ཅིག་ཏུ། །
ཟླ༷་བ༷་གཞོན་ནུའི་ཕུང་བོ་ལེགས་གྲོལ་པ། །
མི་རྟག་སྒྱུ་མའི་ཚུལ་བསྟན་ཡང་ཡང་དྲན། །

ཁྱུ༷ང་ཆེན་དར་མའི་གཤོག་རླབས་རིང་བསྐྱོད་པས།།
དཀ༷ར་མིན་ཀླུ་གདོན་རྩ་ལག་ཟིལ་གནོན་བཞིན། །
དགེ༷་བའི་བསོད་ནམས་སྟོབས་ཀྱིས་ལོག་སྨྲའི་ཚོགས། །
དོན་སྙིང་ལྐོག་འབྱིན་བཤེ༷ས་ཁྱོད་ཡང་ཡང་དྲན། །

འགྲན་པའི་ཟླ༷་བྲལ་བཤེས་གཉེན་དམ་པའི་གཤིས། །
ནམ་ཡང་མ་བཏང་གསེར་སྦྱངས་ལྷུན་པོ་བཞིན། །
དད་པའི་མཆོད་སྤྲིན་འབུལ་བ༷འི་གཞི་དམ་པ། །
གཤེན་གྱི་བསྟ༷ན་འཛི༷ན་མཆོག་ཁྱོད་ཡང་ཡང་དྲན། །

རླབས་ཆེན་བསོད་ནམས་ཁྱུ༷ང་སྔོན་སྐྱེས་པ་ཡིས། །
ལེགས་པར་ཉེར་དྲངས་རྟ་བདུན་དབང་བོ་མཆོག །
རྣམ་དཀ༷ར་ལས་དང་ཟླ༷་བྲལ་དགེ་བ༷འི་གཟིས། །
ཀུན་ཡིད་པདྨོ་བཞད་མཛད་ཡང་ཡང་དྲན། །

ཁྱུ༷ང་ཕྲུག་མཁའ་ལ་ལྡིང་འདྲའི་རྣམ་དཔྱོད་ཀྱིས། །
ཤེས་བྱའི་དཀྱིལ་འཁོར་སྐད་ཅིག་མྱུལ་བའི་ཚུལ། །
ཡང་དག་མཛད་པས་མོས་ལྡན་ཨུཏྤལ་དཀ༷ར། །
བཤེས་གཉེན་ཟླ༷་བ༷ར་དད་བཞིན་ཡང་ཡང་དྲན། །

བསྟན་ལ་གཅེས་པའི་རྩེ་མོ་དབྱིངས་སུ་མཐོ། །
བསླབ་ཁྲིམས་ཉམས་མེད་དྲི་བསུང་ཕྱོགས་བརྒྱར་འཐུལ། །
སྡེ་སྣོད་གཞུང་བརྒྱའི་འབྲས་བུ་མཆོག་ཏུ་སྨིན། །
བཤེས་གཉེན་འབྲས་ལྡན་ལྗོན་པ་ཡང་ཡང་དྲན། །

གཞན་ཕན་སེམས་ཀྱི་རྩ་བ་རབ་ཏུ་བརྟན། །
བསྡུ་དངོས་རྣམ་བཞིའི་བང་རིམ་ཡིད་གར་འོང་། །
ངག་རིག་ཡོན་ཏན་གཟི་འོད་ཡོངས་སུ་འབར། །
བཤེས་གཉེན་མཆོད་སྡོང་ཆེ་གང་ཡང་ཡང་དྲན། །

ཕུན་ཚོགས་རྒྱུ་དངོས་རྩྭ་ལྟར་རིང་དུ་དོར། །
དཀའ་སྤྱད་གཞན་དོན་ནམ་ཡང་ཕྲག་ཏུ་བཞེས། །
ཆེན་པོའི་ངོ་སྲུང་མི་གཉེར་བསེ་རུ་བཞིན། །
བཤེས་གཉེན་མི་འཇིགས་བློ་ལྡན་ཡང་ཡང་དྲན། །

ཐོས་པའི་ཤེས་རབ་ཕྱོགས་མེད་བཙལ་བས་མཁས། །
ལུང་དང་རིགས་པས་ཐུགས་རྒྱུད་ཕྱུག་པས་བཙུན། །
གཤེན་གྱི་རིང་ལུགས་གཞན་ལ་སྤེལ་བས་བཟང་། །
མཁས་བཙུན་བཟང་པོའི་བཤེས་གཉེན་ཡང་ཡང་དྲན། །

དྲི་བྲལ་ལྟ་བས་དབྱིངས་ཤེས་མ་འགགས་མཁྱེན། །
རྩོལ་མེད་སྒོམ་པས་མཐའ་བྲལ་གནས་ལུགས་རྟོགས། །
ཤུགས་འབྱུང་སྤྱོད་པས་གཤེན་བསྟན་གསལ་བར་མཛད། །
ལྟ་སྒོམ་སྤྱོད་པས་འགྲན་བྲལ་ཡང་ཡང་དྲན། །

བསྟན་གཙོ་མཐོང་ན་མི་ཕྱེད་དད་པ་བརྟན། །
བསྟན་དོན་ཡིན་ན་གཅེས་པའི་སྲོག་ཀྱང་འདོར། །
བསྟན་འགྲོའི་ཆེད་དུ་ཡོད་ཚད་གཏོང་བར་ཕོད། །
བསྟན་འཛིན་དམ་པའི་བཤེས་གཉེན་ཡང་ཡང་དྲན། །

དེ་ལྟར་དྲན་པའི་གདུང་བ་འབར་བའི་མོད། །
ལྷག་བསམ་དག་པའི་དབུགས་ཀྱིས་ཆེར་བུས་པས། །
གཟུ་ལུམ་དྲི་མས་ཡོངས་བཏང་སྐྱེ་ལྔའི་དབྱངས། །
བཤེས་གཉེན་དམ་པ་མཆོད་པའི་རྒྱུར་གྱུར་ཅིག །

231311689

དགུན་གྱི་ཉིན་མོ་འདི་ལ།
དགེ་བཤེས་ཁྱུང་དཀར་ཟླ་བ་བསྟན་འཛིན་ཚང་རྗེས་སུ་དྲན་པ།
 ཁྱུང་བཟང་།

ནམ་མཁའི་མཐོངས་ན་སྤྲིན་པ་བྱིའུ་ཙམ་མི་འདུག།།
ཉི་འོད་མར་ཁུ་གྲྭ་དང་གྲུ་ལ་འཁྱིལ་འདུག།།
ཡིན་ཡང་སེམས་ཀྱི་ངོགས་ལ་གྲང་འདར་ཤོར་བ།།
ནང་གི་ཉིན་བྱེད་ནུབ་པའི་བརྡ་རྟགས་མིན་ནམ།།

 འདི་ནས་འདས་པའི་འཇིག་རྟེན་ཕ་གི་ཞིག་ན།།
ངོ་མཚར་མཛད་པའི་རི་མོ་དགོད་པར་ངེས་ཀྱང་།།
འཆད་རྩོད་ཁྲི་འཕང་མཐོན་པོ་སྟོང་བར་ལུས་པས།།
དགུན་གྱི་རླུང་བུ་ཤུར་ཤུར་སྙིང་ལ་གཡུགས་སོང་།།

 ཚུར་འོངས་བརྒྱ་ཡི་སྔོན་ལ་ཕར་འགྲོ་སྟོང་རེད།།
ནམ་འཆིའི་དུས་ལ་འདི་ཞེས་ངེས་གཏན་མེད་ཀྱང་།།
གཅེས་པའི་ནོར་བུ་འཆི་བའི་རྐུན་ལ་ཤོར་བ།།
རྒྱལ་བསྟན་འཕྲིན་ལས་ངོ་ལ་གྱོང་གུད་ཆེ་འདུག།

 ལས་ཀྱི་སྐུད་པས་རེ་ཞིག་གཅིག་ཏུ་བསྡུས་ཀྱང་།།
ལེགས་བཤད་སྣང་བ་ཡིད་ལ་འདྲེན་དབང་མ་བྱུང་།།
སྒྱུ་ལུས་ཕུང་བོ་འོད་དུ་ཞི་བ་ཐོས་པས།།
ད་རུང་སྙིང་གི་ཁོང་ན་ཕངས་སེམས་ལྕི་འོ།།

སྨྲེ་ངག་བྲག་ལ་བཏང་ཡང་ཨ་ལན་མི་ཡོང་།།
འབོད་པ་ཆུ་ལ་བསྐུར་ཀྱང་ཡ་ལན་མི་འབྱུང་།།
ད་ནི་དྲན་པའི་གཞུ་མོ་ནང་དུ་བཀུག་ནས།།
དྭངས་པའི་ཞབས་རྗེས་མི་ཚེའི་རྒྱན་དུ་ལེན་ནོ།།

 བསིལ་བའི་གྲོང་ནས་ཚ་བའི་གཏེར་སྒོ་འགྲིམས་ཤིང་།།
གསུང་རབ་གསེར་གྱི་གླེགས་ཐག་རིགས་པས་བཀྲོལ་ནས།།
རྣམ་དཔྱོད་གྲི་རྩེ་རྨོངས་པའི་སྙིང་ལ་གཏད་པ།།
མི་ཆུང་ང་ཡི་ངོ་ལ་ལྟད་མོ་ཡིན་འདུག།

 ཕར་ལ་རེ་བའི་གོམ་པ་ཤུགས་ཀྱིས་སྤོས་ནས།།
ཚུར་ལ་འབྲས་བུའི་ལྗིད་ཀྱིས་འཛུམ་ནས་ཐོན་པ།།
དུས་ཐུང་ལོ་ཡི་སྒང་ལ་རྫུ་འཕྲུལ་ལགས་པས།།
ངོ་མཚར་གནས་སུ་མ་བརྩིས་ཨ་རེ་བླུན་ནོ།།

 བརྩེ་བའི་ཆར་སྤྲིན་ཕུང་བོ་ནང་ལ་བཀུགས་ནས།།
ཟབ་དོན་བདུད་རྩའི་ཟེགས་མ་ཞིང་ལ་གཏོར་བའི།།
ངེས་དོན་བདེ་བའི་ལམ་བུ་ཤུགས་ཀྱིས་འདེད་ལ།།
གང་ཁྱེད་སྤྱན་རས་རྣོན་པོས་བྱ་ར་མཛོད་ཅིག།

 ༢༠༡༡    ༡༡     ༢༩  ཉིན་རེབ་གོང་ནས།

238499609

རྗེས་དྲན་ཡིད་ཀྱི་གདུང་དབྱངས།
དགེ་བཤེས་ཁྱུང་དཀར་ཟླ་བ་བསྟན་འཛིན་མཆོག་ལ་རྗེས་དྲན་དུ།
ཁྱུང་དཀར་ཟླ་བ།

དམ་པ་ཁྱུ༷ང་གི་རིགས་ལས་མཆེད་པའི་སྤྲུལ་བའི་གར། །
རབ་དཀ༷ར་གངས་རིའི་ཞིང་ལ་བསྒྱུར་བའི་འཕྲིན་ལས་མཚར། །
ཟླ༷་མེད་རྒྱལ་བ༷འི་བསྟ༷ན་པ་འཛི༷ན་པའི་ངོ་མཚར་དཔལ། །
གླིང་བཞིའི་ཁྱོན་ལ་གྲགས་པ་འབར་བ་ཨེ་མ་རྨད། །

 དགེ༷་ལེགས་སྣང་བ་འདྲེན་པའི་བཤེ༷ས་གཉེན་དམ་པ་གང་། །
ཁྱུ༷ང་ཕྲུག་མཁའ་ལ་རྩེན་བཞིན་རྣམ་དཀ༷ར་བོན་དབྱིངས་ལས། །
ཟླ༷་མེད་རིག་པའི་རྩལ་རྫོགས་རྒྱལ་བ༷་གཤེན་རབ་ཀྱི། །
བསྟ༷ན་པའི་རིང་ལུགས་སྲོག་ཏུ་འཛི༷ན་པའི་མཛད་བཟང་མཚར། །

 འཕྲུལ་ངག་བདེན་པའི་བོན་སྒོ་བརྒྱད་ཁྲི་བཞི་སྟོང་གླུ། །
ཐོགས་མེད་གྱེར་བའི་རྣམ་དཔྱོད་རིག་པའི་རལ་གྲི་ཡིས། །
ཕ་རོལ་རྒོལ་ངན་ཚར་དུ་གཅོད་པའི་དཔའ་གདེང་ཅན། །
གློ་བུར་ཞིང་ཁམས་གཞན་ལ་བསྙེགས་པ་ཀྱེ་མ་ཧོ། །

བརྗིད་བརྗིད་ཧི་མ་ལ་ཡ་རི་བོའི་ཕ་རོལ་ནས། །
ཟབ་ཟབ་མདོ་སྔགས་རྫོགས་གསུམ་བཅུད་ལ་ངོམས་མེད་རོལ། །
ལེགས་ལེགས་རྒྱལ་ཁམས་རིག་པས་འགྲིམས་པའི་ཁྱུང་དཀར་བ། །
དྲན་དྲན་སྙིང་གི་གདུང་དབྱངས་དབང་མེད་ངག་ལས་འཆོར། །

 བརྗིད་པའི་སྐུ་ལ་བྱང་སེམས་པད་མ་དཀར་པོ་འཛུམ། །
སྙན་པའི་གསུང་ལ་ལུང་རིགས་ཟེའུ་འབྲུ་བཅུད་ཀྱིས་བལྟམས། །
དཀྱེལ་ཡངས་ཐུགས་ལས་ཉེ་གནས་རྐང་དྲུག་གཞོན་ནུའི་ཚོགས། །
ལེགས་པར་སྐྱོང་མཛད་དགེ་བའི་བཤེས་ཁྱོད་ཡང་ཡང་དྲན། །

དྲན་པའི་འོ་དོད་ཇི་ལྟར་ངག་ལས་བཟློས་གྱུར་ཀྱང་། །
མཇལ་བའི་རེ་ཐག་ཉག་ཙམ་དབེན་པ་རྟོགས་ན་ཡང་། །
བཤེས་ཁྱོད་བཞུད་པའི་ཕངས་སེམས་རླབས་ཀྱི་དྲག་ཤུགས་དེ། །
ནམ་ཡང་འཇགས་པའི་སྐལ་མ་བྱུང་ཡང་ཡང་འཕྱོ། །

 ངས་ཀྱང་རྗེས་དྲན་ཞུ།
 བསྟན་འཛིན་སྦྱིན་པ།

སྤྲིན་དཀར་འདབ་མ་དལ་གྱིས་འབབ་པ་དང་། །
དངུལ་མདོག་ནབ་བཟའ་ལུས་ལ་བཞེས་དུས་སུ། །
དྲི་མེད་ལྷག་བསམ་དཀར་པོས་ཁ་བཏགས་ཞིག།
དྲན་གསོའི་རྡོ་རིང་སྐྱེས་སུ་འདི་ནས་འབུལ། །

ཁྱུང་གི་སྒོང་རྒྱའི་སྦུབ་ལས་གྲོལ་བའི་ཞིང་། །
ཁྱུང་ཡུལ་གསེར་གྱི་རི་བོའི་ནུབ་ཕྱོགས་སུ། །
ལུས་ཀྱི་པད་དཀར་འཛུམ་པའི་ཤིས་ཚིག་བཀྲ། །
ལུས་ངག་དགེ་ལ་སྤྱོད་པའི་བོན་སྐལ་ཐོབ། །

བརྒྱད་གཉིས་ལང་ཚོ་སྨིན་པའི་ཕོ་སྒོ་བཟང་། །
རྣམ་རིག་བཀྲ་ཤིས་རྟགས་ཀྱི་རི་མོ་གསལ། །
ཤེས་བྱའི་གནས་ལྔར་འགྲིམས་པའི་ལམ་སྒོ་རྙེད། །
བོན་གཤེན་ཕུར་ཐོག་ཅན་གྱི་མཚན་བྱང་བཞེས། །

སྔོན་སྨོན་ལས་ཀྱི་རྟེན་འབྲེལ་གཟའ་སྐར་ཤར། །
གཅིག་དགུ་གྱ་དྲུག་ལོ་ཡི་འཛུམ་ཞལ་ངོམས། །
བསྟན་འཛིན་རྒྱལ་པོས་རྣམ་དག་བོན་འཆད་ཚེ། །
གཙང་ཁྲིམས་ཉེར་ལྔའི་རྒྱག་ཕྱེ་རུམ་དུ་བཅུགས། །

བཅོས་མིན་ངེས་འབྱུང་རྟ་ཕོ་བསྐྱོད་ཤུགས་ཀྱིས། །
ལེ་བར་ཁྲི་ཕྲག་བརྒལ་བའི་ཕ་མཐའི་ཞིང་། །
སྨན་གྱི་རི་བོས་མཚན་པའི་ཞིང་དུ་དྲངས། །
ལུང་རྟོགས་ཉི་མའི་གསེར་ཞལ་དང་པོ་མཇལ། །

བཤད་སྒྲུབ་དགའ་བའི་སྐྱེ་ཚལ་དང་པོ་ནས། །
འཆད་རྩོད་རལ་གྲི་བརྡར་བའི་གོ་ཆའི་འོག །
ཐོས་བསམ་རྟོགས་པའི་ལང་ཚོ་རྒྱས་དང་ལྷན། །
དངོས་གྲུབ་བདུད་རྩིའི་བོན་ཆར་འགྲོ་ལ་ཕབ། །

བཅུ་ཕྲག་ལོ་ཡི་ཕྲེང་བ་བོན་གྱིས་བགྲངས། །
སྤོང་སྒྱུར་གྲོལ་བའི་གཞུང་དོན་སེམས་ཀྱིས་བསྐྱེད། །
བཅུ་རིག་ཤེས་བྱའི་ཟེགས་མས་འཁོར་སྐྱོང་དུས། །
མཚན་གྱི་སྙན་པ་ཤཀྱའི་ཁམས་སུ་ཁྱབ། །

དེ་འདྲའི་དགེ་ལེགས་ཕན་བདེའི་འཛུམ་དཀར་ངོག །
རབ་འབྱམས་བཤེས་ཀྱི་ཅོད་པན་མགུལ་བཞེས་ཤིང་། །
སྐྱིད་ཀྱི་མ་ཡུམ་གངས་ལྗོངས་དག་ཞིང་དུ། །
འཁོར་ལོའི་རེ་ཁ་དགེ་བཅུ་བོན་གྱིས་བསྐོར། །

སྒོ་གསུམ་འཛུམ་ཞལ་གྲོལ་བའི་ལེགས་སྐྱེས་སུ། །
སྟོད་སྨད་བར་གསུམ་མཛད་རྗེས་སྐར་ཚོགས་གྲངས། །
ཇི་ལྟར་མིག་རྣ་དབང་པོའི་སྤྱོད་ཡུལ་དུ། །
གྲགས་པའི་སྙན་པ་དོན་ལྡན་ཁྱེད་ཉིད་དྲན། །

དེ་ལྟར་བསྟན་འགྲོའི་བསོད་ནམས་མཁའ་ཤར་ཡང་། །
གློ་བུར་ཉེར་འཚེ་བདུད་ཀྱི་དམག་ཚོགས་ཀྱིས། །
འབྱུང་བའི་སྤྲིན་རུམ་ཀློང་དུ་བསྟབ་གྱུར་བའི། །
དུས་ཀྱི་ལོ་ཟླ་ཤར་ཚེ་ཁྱེད་ཉིད་དྲན། །

དེ་ཕྱིར་དྲན་པའི་རི་མོ་རྙིང་པ་ལ། །
ཚིག་གི་མེ་ཏོག་ཕྲེང་བའི་ཕྲ་བཏབ་སྟེ། །
རྗེས་དྲན་མཆོད་པའི་རྒྱན་དུ་བཤམས་པ་འདི། །
ཁོ་བོས་འབྲས་ལྡན་ནུབ་ཕྱོགས་གླིང་ནས་བཏེགས། །

ཅེས་ཚིག་བཅད་ཉུང་ངུ་འདི་འབྲི་བའི་བརྒྱུད་རིམ་ནི་ད་ནང་ཞོགས་ཇ་བཏུང་ཚར་རྗེས་དྲ་རྒྱ་རེ་འགར་ཡར་མར་ཉུལ་མཐར”རེབ་གོང་བོན་མང་དྲ་ཚིགས”ཁ་ཕྱེ་མ་ཐག་རྗེས་དྲན་ཞེས་པའི་དམར་རྟགས་ཅན་གྱི་ཟིན་ཐོ་གསར་པ་ཞིག་འདུག་པ་དེར་ལྟ་དུས་རེབ་གོང་བོན་གྱི་གྲུབ་ཐོབ་རྣམ་གསུམ་གྱི་མཚན་ལྟས་སུ་ཡོད་པའི་བཀུར་འོས་རྩོམ་པ་པོ་གསུམ་གྱིས་ཁྱུང་དཀར་དགེ་བཤེས་ཟླ་བ་བསྟན་འཛིན་ལ་རྗེས་དྲན་སྙན་ཚིག་གསེར་ཞུན་གྱིས་བྲིས་འདུག་པ་དེ་ཚོ་མཐོང་བའི་རྐྱེན་བྱས་ཏེ་ཁོ་བོ་སྨྲ་དབང་རིག་གོས་ཐོལ་བྱུང་དུ་བྲིས་པའོ།།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།