སྐྱང་སྤྲུལ་ནམ་མཁའ་བསྟན་འཛིན་རིན་པོའི་ཆེའི་སྙན་རྩོམ་ཕྱོགས་བསྒྲིགས།

༼ཀ་ཁ་སུམ་ཅུ་ཚང་བའི་ཚིགས་བཅད།༽
    སྐྱང་སྤྲུལ་ནམ་མཁའ་བསྟན་འཛིན། 

༄༅། །གཟུང་འཛིན་བོན་རྣམས་རིག་པའི་འོད་མདངས་ཤེས། །
ཨེ་ཝཾ་གཡུང་དྲུང་ངང་ལས་ལྷ་སྐུར་བཞེངས། །
ཐེག་ཆེན་ཀློང་སྒོམ་ལྟ་བ་ཕུན་སུམ་ཚོགས། །
མཁས་གྲུབ་འཇིགས་མེད་རྩལ་ཅེས་སྙིང་ནས་དྲན། །
༧ དགེ་ལེགས་ཟབ་གསང་སྔགས་བདག་མཐུ་སྟོབས་རྩལ། །
གཉིས་འཛིན་བཅོམ་པས་ལས་བཞི་ལྷུན་གྲུབ་རྗེ། །
ཨེ་མ་མཁས་གྲུབ་རྒྱ་མཚོ་ཝ་གིན་དྲ། །
འཕོ་ཆེན་བོན་སྐུ་ཡེ་ནས་རང་འོད་ཤར། །
༧ དགེ་ལེགས་ཀུན་འབྱུང་མཚན་ལྡན་བཤེས་གཉེན་རྗེ། །
བསམ་སྦྱོར་ལེགས་པས་བསྟེན་འོས་ཐུགས་བཟུང་མཁས། །
རྩེ་གཅིག་གཡོ་མེད་དག་སྣང་རབ་ཏུ་བཞག །
ཕུལ་བྱུང་མཛད་མཆོག་ཨ་ཧོ་ཝ་ལེར་ངེས། །
༧ དལ་འབྱོར་རྙེད་དཀའ་མི་རྟག་སྒོམ་པ་གཅེས། །
འཁོར་བའི་ཉེན་དམིགས་ངེས་མཐོང་འཇིགས་ཤིང་སྐྲག །
ལས་འབྲས་རིག་ནས་ཚུལ་བཞིན་བརྩོན་པར་མཛད། །
འཕགས་མཆོག་འོད་གསལ་ཝ་ལེར་ཨ་ཧོ་བཟང་། །
༧ དད་བརྩོན་སྙིང་རྗེ་ངེས་འབྱུང་ལེགས་བྱས་ཀྱིས། །
མཆོག་གསུམ་དགོངས་པ་ཡེ་ཤེས་རང་ལས་ཐོབ། །
འཁྲུལ་ཞེན་བཅོམ་སྟེ་མྱང་འདས་གནས་སུ་ཕྱིན། །
འཚོ་མཛད་ཝེར་ཡ་འོད་ཟེར་ཨ་ཧོ་རྨད། །
༧ ཐེག་པའི་གཞུང་ལམ་ཀུན་བཟང་བྱང་ཆུབ་སེམས། །
ཝ་ལེར་རྟོགས་ཚེ་གཉིས་འཛིན་རྩད་ནས་གཅོད། །
ཨ་ཧོ་མན་ངག་དོན་ལ་མཁས་པར་འཇུག །
ཡེ་རིག་འོད་གསལ་གྲོལ་བ་ཤེར་ཕྱིན་ཐུགས།།
༧ བཟང་ངན་ཆོ་འཕྲུལ་སྣ་ཚོགས་འཛིན་མེད་དུ། །
ལྷན་སྐྱེས་རིག་པའི་ཡེ་ཤེས་རྩལ་གྱི་ངང་། །
ཨེ་ཝཾ་སྐུ་གསུམ་མཁའ་དབྱིངས་ཉི་འོད་བཞིན། །
རིག་སྟོང་རྗེན་པར་ཐིག་ལེ་གཅིག་ཏུ་རྫོགས། །
༧ ཨ་ཧོ་གར་བལྟས་རང་སེམས་ཁུང་མ་རྙེད། །
ཚིག་རྣམས་བརྗོད་འདས་ཐམས་ཅད་ཡུལ་མེད་རྩལ། །
གཞུང་ཆེན་དབུ་ཕར་ཕྱག་རྫོགས་འོད་གསལ་ངང་། །
སྒྲིབ་གཉིས་ཟད་པ་སྐུ་གསུམ་ཝ་ལེར་ཤར། །
ཚིགས་བཅད་འདི་གཉིས་ནི་རྫོགས་ཆེན་དངོས་གཞིའི་ཉམས་ལེན་སྐབས་བྲིས་པ་སརྦ་མངྒ་ལཾ།
༧ དངོས་འཛིན་དག་པ་ཨེ་ཝཾ་ཟུང་འཇུག་གཅེས། །
ཧཾ་ཡིག་ཐིག་ལེ་གཏུམ་མོ་འཕྲུལ་འཁོར་རྩལ། །
སྒོམ་མེད་རང་བཞིན་རྣལ་འབྱོར་སེམས་སུ་ཤེས། །
གྲོལ་ཚེ་ཀ་དག་རྫོགས་ཆེན་འོད་གསལ་བརྙེས། །
ཀ་ཁ་སུམ་ཅུ་ཚང་བའི་ཚིགས་བཅད་འདི་རྩ་རླུང་སྦྱངས་སྐབས་སུ་བྲིས་པ་དགེ་ལེགས་འཕེལ།
༧ ཨ་ཧོ་ཀ་དག་གཉུག་མའི་རང་མདངས་འོད། །
རྩལ་སྣང་ཆོ་འཕྲུལ་ཝ་ལེར་ངང་གིས་ཤར། །
ཟུང་འཇུག་ཏིང་འཛིན་གཡོ་མེད་ཉག་གཅིག་བཞག །
མཐའ་བྲལ་སྐུ་གསུམ་དགོངས་པའི་མཁའ་དབྱིངས་མཚར། །
   ཐོལ་རྒལ་སྦྱངས་སྐབས་བྲིས་པའོ། །

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།