གདོད་མའི་སྙན་ངག་ཅིག་གི་རོལ་དབྱངས།

རྩོམ་པ་པོ།  བོན་ནག་ཚང་ཡེ་ཤེས་བློ་གྲོས།

སྟོད་ཕྱོགས་ཀྱི་ཞང་ཞུང་ན།།
གངས་རྒན་གྱི་ཏི་སེ་མཆིས།།
སྤོས་རི་ནི་ལྷོད་ཀྱིས་འགྱིང་།།
མ་ཕམ་ནི་ངང་གིས་འཁྱིལ།།

དམུ་གཤེན་གྱི་རུས་རྒྱུད་འདི།།
བྱ་ཁྱུང་གི་གདུང་ལས་གྲོལ།།
གྱེར་གཞུང་གི་ཤེས་རབ་དེ།།
གཏོ་སེལ་གྱི་རྨང་ལས་བྱུང་།།

སྟོན་པ་ནི་གཤེན་རབ་སྟེ།།
བོན་སྒོ་ནི་བརྒྱད་ཁྲི་གསུངས།།
ཤེས་རིག་གི་མངའ་ཐང་འདི།།
ཞང་ཞུང་གི་ཡུལ་ནས་དར།།

བྱ་རུ་ནི་མཚན་རྟགས་ཏེ།།
རྒྱལ་བོ་ནི་བཅོ་བརྒྱད་བྱུང་།།
བོན་སྲིད་ཀྱི་ལེགས་ཚོགསའདི།།
སྒོ་ཕུག་གི་ལྗོངས་སུ་ཁྱབས།།

གནམ་བོན་གྱི་གདམ་པ་འདི།།
འགྲོ་བ་ཡི་སྲོལ་དུ་གྲུབ།།
རྔ་གཤང་གི་དབྱངས་ཀྱིས་མཆོད།།
ལྷ་རབས་ནི་མཉེས་པར་བྱས།།

ཡར་ལུང་གི་སོག་ཁ་ནས།།
ཁྲི་བདུན་གྱིས་རུ་དར་ངོམས།།
ཤེས་རིག་ནི་བོན་གཞུང་སྟེ།།
སྐུ་སྲུང་དེ་གཤེན་གྱིས་མཛད།།

བོན་རྒྱལ་གྱི་སྐུ་རིང་ལ།།
རྒྱལ་ཁམས་ནི་བོན་གྱི་ཁམས།།
རྒྱལ་ཁྲིམས་ནི་བོན་གྱི་ཁྲིམས།།
བོད་པ་ནི་བོན་ལས་སྐྱེས།།

ཞང་བོད་ཀྱི་ཡུལ་དབུས་སུ།།
ཡི་གེ་དང་ཤེས་རིག་འཛོམས།།
འཆམ་མཐུན་ངང་བདེ་བར་གནས།།
གླིང་བཞི་རུ་སྙན་པ་འཕུར།།

ཆོས་རྒྱལ་གྱི་སྐུ་རིང་ལ།།
རྒྱ་གར་གྱི་ཡུལ་དབུས་ནས།།
ཐེག་དམན་གྱི་ཆོས་འགའ་ཞིག།
བོད་ཡུལ་དུ་ནང་འདྲེན་བྱས།།

བཻ་རོ་ནི་བློ་མཁས་ཏེ།།
བོན་གཞུང་གི་ཐེག་ཆེན་འགའ།།
ཐུབ་བསྟན་གྱི་གཞུང་ལ་བསྲེས།།
ཆོས་རྒྱུད་ནི་དར་ལ་རྒྱས།།

བན་བོན་གྱི་འཐབ་རྩོད་ལས།།
བོན་གཞུང་ནི་བརླགས་ཏེ་བཅོམས།།
བོན་བློན་ནི་བཀུམ་པར་བྱས།།
བོན་གཤེན་ཚོ་མཐར་རུ་སྤྱུགས།།

ཐུབ་བསྟན་གྱི་ངོ་བོ་ལས།།
ཆོས་རྒྱུད་འདི་མང་དུ་ཕྱེ།།
བདེ་བ་ཡི་རྨི་ལམ་དེ།།
འཇའ་ཚོན་གྱི་གཟུགས་སུ་གྲུབ།།

ས་འབྲི་ཡིས་མདུང་ལ་བྱས།།
ཕག་རིན་གྱིས་རལ་གྲི་འཕྱར།།
ཀར་དགེ་ཡི་མེ་མདའི་ཁྲོད།།
བོད་ཁམས་འདི་དམྱལ་བར་བཏང་།།

བོད་རྒྱལ་གྱི་མངའ་ཐང་དེ།།
སྟོང་བ་ཡི་དབྱིངས་སུ་བཏབས།།
བོད་ཡུལ་འདི་མ་འཇིག་ཙམ།།
ཕྱོགས་ཞེན་གྱི་ཀློང་ན་གནས།།

༢༠༡༤ ་ ༡༡ ་ ༡༨ ཉིན་བྲིས།
༢༠༡༥ ་ ༤ ་༩ བཟོ་བཅོས་བྱས།

 

 

 

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།