གཡུ་འབྲུག་སྔོན་མོའི་འཁྱུག་རྩལ།

   རྩོམ་ཁུངས། རེབ་གོང་བོན་མང་དྲ་བ།  རྩོམ་པ་པོ།  ལ་སྟོད་ཉག་ཕྲན།

དཀའ་བ་གངས་རི་དཀར་པོའི་ཚུར་རོལ་ན།།
ངལ་དུབ་གཡའ་རི་སྔོན་པོའི་ཕར་རོལ་ན།།
ཐོས་བསམ་གཡུ་རལ་འཆང་བའི་གདོང་ལྔ་བ།།
བསིལ་ལྡན་ཁ་བའི་ལྗོངས་ཀྱི་རྒྱན་ཆ་ཡིན།།

གཏན་ཚིགས་རྟགས་ཀྱི་ཚུགས་པའི་ཞིང་ས་ན།།
རྨོངས་དད་རྩ་བ་སྐམ་པའི་རི་རྩེ་རུ།།
གཞུང་དོན་གཤོག་རླབས་འཕྱོ་བའི་ཁྱུང་ཕྲུག་ཅིག།
ཞང་བོད་སློབ་གླིང་འཛིན་པའི་སྲོག་རྩ་ཡིན།།

འཕྲུལ་སྒྲོན་རྣམ་ལྔ་འབར་སའི་ཀོང་བུ་ལ།།
ལྔ་རིག་རྩི་མར་དྭངས་མའི་ཁུ་བ་འཁྱིལ།།
ལུང་རྟོགས་བསྟན་པའི་འོད་མདངས་ཕྱོགས་བརྒྱར་འཕྲོས།།
ཤར་གྱི་རྟ་བདུན་དབང་པོ་བཤད་གྲྭའི་དཔལ།།

ཚད་མའི་བདེན་དོན་ཀློང་ནས་ནར་སོན་ཞིང་།།
ཞིབ་དཔྱོད་རིག་པ་འཛིན་པའི་འབྲོང་རྒོད་དེས།།
ལོག་རྟོག་སྤྱང་ཚོགས་ངར་སྐད་གཞོམ་མཛད་པ།།
དོན་གྱི་གངས་གཡག་དར་མ་དད་པའི་ཡུལ།།

ཚུལ་ཁྲིམས་དྲོད་ཁོལ་རྒྱས་པའི་ཐབ་རྩ་ན།།
ཤེས་རབ་མེ་ལྕེ་མཆེད་པའི་དབལ་ཁ་ན།།
ཏིང་འཛིན་རྩེ་གཅིག་རོལ་བའི་མགོན་པོ་གང་།།
བསླབ་གསུམ་རྒྱན་གྱིས་མཛེས་པའི་གོང་བ་ཡིན།།

སྒོ་པའི་མཁར་རྫོང་སྲུང་བའི་རལ་པ་ཅན།།
རྒྱལ་གཤེན་བསྟན་པ་འདེགས་པའི་ཀ་མོ་ཆེ།།
དོན་ཆེན་མཐའ་ནས་སྐྱོང་བའི་དཔའ་བོ་སྟེ།།
མཁས་པའི་མཁས་པ་ཡིན་པས་རིན་པོ་ཆེ།།

པོ་ཏི་བང་རིམ་བརྩིགས་པའི་མཚོ་མོ་ནས།།
ལུང་རྟོགས་བསྟན་པ་འཛིན་པའི་གཡུ་འབྲུག་འཁྲུངས།།
རང་རྟོན་གཤོག་ཟུང་བརྐྱངས་ཏེ་མཁའ་རུ་འཕུར།།
མཛད་འཕྲིན་སྒྲ་དབྱངས་སྙན་མོ་རྣ་བའི་བཅུད།།

ཁྱེད་ཉིད་ཇོ་མོ་གླང་མའི་སྒལ་ཚིགས་ཡིན།།
དབྲ་ཁྱུང་བསྟན་འཛིན་འོད་ཟེར་གཤོག་ཡ་ཡིན།།
གོས་སྔོན་ཟླ་བ་གཞོན་ནུའི་དོ་ཡ་དང་།།
འཛད་མེད་ཡིད་བཞིན་ནོར་བུའི་བང་མཛོད་ཡིན།།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།